སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ལུ་ མི་བསད་པའི་བཙོན་ཁྲིམས་ ལོ་ངོ་༡༣ བཀལ་ཡོདཔ།

༉ སྤ་རོ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་ཅིག་ལུ་ མི་བསད་པའི་བཙོན་ཁྲིམས་ ལོ་ངོ་༡༣ བཀལ་ཡོདཔ་མ་ཚད་ ལོ་ངོ་༡༠ གྱི་ རྒུད་འཐུས་བསྡོམས་ དངུལ་ཀྲམ་ས་ཡ་༤.༥ དང་ རོ་བསྡུ་དང་ དགེ་རྩ་འབད་བའི་ཟད་འགྲོ་ ད་རུང་ དངུལ་ཀྲམ་༤༢,༨༧༦ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༧ པའི་ཚེས་༡༤ ལུ་གནང་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཚེ་འདས་འཆི་མེད་རྡོ་རྗེ་གིས་ སྤྱི་ལོ་༢༠༡༦ ཟླ་༡༢ པའི་ཚེས་༡༩ གི་དྲོ་པ་ ཉེས་འཛུགས་ཅན་ བསོད་ནམས་རྡོ་རྗེ་ལུ་ ཁོ་རའི་ཏི་རུ་ དངུལ་ཀྲམ་༩,༠༠༠ བྱང་མི་དང་ དེ་གི་ནངས་པར་ འགྲུལ་འཕྲིན་བྱང་མི་དེ་ ཁོ་ལུ་དོགས་པ་ཡོད་ཟེར་ སླབ་མི་ལུ་བརྟེན་ སྤྱི་ཚེས་༢༡ ལུ་ ཚེ་འདས་ཀྱི་ཁྱིམ་ནང་ བློ་སླབ་པར་སོང་བའི་ཤུལ་ལས་ རྐྱེན་ངན་བྱུང་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་གྱིས་ བྱ་ངན་འབད་བའི་སྐབས་ ཚེ་འདས་ཀྱི་ཁྱིམ་ནང་ བློ་སླབ་པར་སོང་ཡོད་རུང་ ཁྱིམ་ནང་ལྷོདཔ་ད་ བློ་མ་སླབ་པར་ ཐད་ཁར་དུ་ ཚེ་འདས་ཀྱི་ཁྱིམ་ནང་ཡོད་མི་ མཛོད་ཁང་ནང་སོང་སྟེ་ གློག་མེའི་ལྕགས་དུམ་འཐུ་འབག་སྟེ་ ཁོ་ལུ་ ཁ་ཉེས་བཀལ་བའི་ ཧིང་འགྲམ་བཞག་སྟེ་ ཚེ་འདས་ཀྱི་མགུ་ཏོ་གུ་ ཚར་༩ བླུགས་བྱིན་ཡོདཔ་ཨིན་པས།
དྲི་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་གྱིས་ བྱ་ངན་དེ་ལུ་ ཁ་བཟེད་ཡོད་རུང་ ཁོ་གིས་ ཚེ་འདས་ཀྱི་ཁྱིམ་ནང་ལས་ ལྕགས་དུམ་འཐུ་སྟེ་ བླུགས་བྱིན་མི་ལུ་ལྟཝ་ད་ ཧེ་མ་ལས་ ཚེ་འདས་ལུ་ དམར་བསད་འབད་ནིའི་ མནོ་བསམ་ཐོག་ལས་ འབད་ཡོད་པའི་སྒྲུབ་བྱེད་ ཐོབ་མ་ཚུགསཔ་ལས་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཤེས་བཞིན་དུ་ དམར་བསད་འབད་བའི་ ཉེས་འཛུགས་མ་འབད་ནུག།
ཉེས་འཛུགས་ཅན་ བསོད་ནམས་རྡོ་རྗེ་གིས་ ཁྲིམས་འདུན་ལུ་ ཚེ་འདས་ཀྱིས་ ཁོ་ལུ་ བརྡུང་རྫོབ་ཐེངས་༢ དེ་ཅིག་འབད་བའི་ཤུལ་ལས་ ཁོ་ར་ ཆང་འཐུང་ཡོད་མི་ལུ་བརྟེན་ ལོག་སྟེ་བླུགས་བྱིན་ཡོདཔ་སྦེ་ ཞུ་ཡོད་རུང་ ཞིབ་དཔྱད་འབད་བའི་སྐབས་ ཚེ་འདས་ཀྱིས་ཁོ་ལུ་ བརྡུང་རྫོབ་འབད་བའི་ སྒྲུབ་བྱེད་ཐོབ་མ་ཚུགསཔ་ཨིན་པས།
དེ་མ་ཚད་ ཁོ་གིས་ ཆང་འཐུང་མི་དེ་ཡང་ མི་གཞན་གྱིས་ ཁོ་རའི་ དང་འདོད་མེད་རུང་ བྱིན་ཡོད་པའི་ སྒྲུབ་བྱེད་མེདཔ་ལས་ ཞུ་བ་དེ་ལུ་ཡང་ ཁྲིམས་འདུན་གྱིས་ ཉེས་འཛུགས་འབད་མི་ལུ་ དགག་པ་སྦེ་ ཆ་བཞག་ཐབས་མ་བྱུངམ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་ཚུ་དང་འཁྲིལ་ འཁྲུན་ཆོད་གནང་ཡི་ཟེར་བཀོད་ནུག།
རྒུད་འཐུས་ཚུ་ སྤྲོད་ནིའི་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ཁ་ཐུག་ལས་ དུས་ཚོད་བྱིན་ཡོད་རུང་ རྩ་ཕན་ཚུའི་བར་ན་ བདེ་འགྲིག་འབད་མ་ཚུགསཔ་ལས་ རྒུད་འཐུས་སྤྲོད་ནི་དེ་ཡང་ ཁྲིམས་ལུགས་དང་འཁྲིལ་ཏེ་ སྤྲོད་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་དེ་ ཧཱ་རྫོང་ཁག་ དགའ་སྐྱིད་གླིང་རྒེད་འོག་ སྟང་ག་ལས་ཨིན་པས།
མཐོ་གཏུགས་ཀྱི་ ཞུ་བ་འབད་ནི་དང་ ད་ལྟོའི་བཙོན་ཁྲིམས་ལུ་ བསྒྱུར་བ་མེད་པ་ཅིན་ བསོད་ནམས་རྡོ་རྗེ་གི་ བཙོན་ཁྲིམས་དེ་ སྤྱི་ལོ་༢༠༢༩ ཟླ་༡༢ པའི་ ཚེས་༢༣ ལུ་རྐྱངམ་གཅིག་ ཚང་ནི་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *