སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ།

༉ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༡༢ ཡན་ཆད་འབད་མི་ བུམོ་ཅིག་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་མི་ལུ་བརྟེན་ བཙོན་ཁྲིམས་ལོ་༩ བཀལ་ཡོདཔ་ཨིན་པས།
ཁྲིམས་འདུན་གྱིས་ སྤྱི་ཟླ་༥ པའི་ཚེས་༢༣ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལཝ་ད་ ཕུན་ཚོགས་དཔལ་རི་རྒེད་འོག་ གསེར་གྱི་ཐང་ལས་ཨིན་མི་ ཉེས་ཅན་གྱིས་ སྐྱེས་ལོ་༡༥ ལང་མི་ བུམོ་དེ་དང་གཅིག་ཁར་ ཞག་ཉལ་བའི་ ཉེས་འཛུགས་བཀལ་ཡོདཔ་ད་ ཁོ་ར་ བསམ་རྩེ་ལུ་ཡོད་མི་ སྒེར་གྱི་ལས་སྡེ་ཅིག་ནང་ ལཱ་འབད་དོ་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་དང་ སློབ་ཕྲུག་ཨིན་མི་བུམོ་དེ་ འགོ་དང་པ་ སྒོམ་ཀྲུ་དཔག་ལི་ལུ་ ཕྱད་པའི་ཤུལ་ལས་ འགྲུལ་འཕྲིན་ཨང་ཚུ་ བརྗེ་སོར་འབད་དེ་ གཅིག་གིས་གཅིག་ལུ་ དགའ་བའི་སྐོར་ལས་ ལོ་རྒྱུས་བཤད་དེ་ དགའ་མཐུན་གྱི་ མཐུན་ལམ་བཞག་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཁོ་གིས་ བུམོ་དེ་དང་གཅིག་ཁར་ལཱ་འབད་སའི་ ས་ཁོངས་ཀྱི་ཉེ་འདབས་ལུ་ ཉལ་བའི་ཤུལ་ལས་ སྤྱི་ཟླ་༣ པའི་ཚེས་༢༩ ལུ་ ས་གནས་ནང་ཡོད་མི་ ཟ་ཁང་ཅིག་ནང་ ཞག་ཉལ་ནུག་ཟེར་ཨིན་པས།
ཉེས་ཅན་ དཱིལ་ བྷ་དུར་ རའི་དེ་ སྤྱི་ཟླ་༤ པའི་ཚེས་༢ ལུ་ བུམོ་དེ་གི་ཨ་ནེ་གིས་ ཁོ་ལུ་ཉེས་འཛུགས་འབད་དེ་ སྙན་ཞུ་འབད་བའི་ཤུལ་ལས་ འཛིན་བཟུང་འབད་ཡོདཔ་ད་ བུམོ་དེ་ ཨ་ནེ་དང་གཅིག་ཁར་ སྡོད་དོ་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ ཉེས་ཅན་དེ་ལུ་ ཨ་ལོ་སྐྱེས་ལོ་༡༢ ཡན་ཆད་འབད་མི་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ དེ་ཡང་ སྤྱི་ལོ་༢༠༡༡ ལོའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་འབད་མིའི་ དོན་ཚན་༡༨༣ པ་དང་འཁྲིལ་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
འཁྲུན་ཆོད་དང་འཁྲིལཝ་ད་ ཉེས་ཅན་གྱིས་འབད་མི་ བྱ་ངན་དེ་ དབྱེ་རིམ་གཉིས་པ་ཨིནམ་ལས་ བཙོན་ཁྲིམས་ལོ་༩ བཀལ་ཡི་ཟེར་ བཀོད་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༠༤ ལོའི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༣༦ པ་དང་འཁྲིལཝ་ད་ ཉེས་ཅན་གྱིས་ རྒུད་འཐུས་བཏབ་དགོཔ་ཨིན་རུང་ བུམོ་དེ་གིས་ བྱ་ངན་དེ་ནང་ མོས་མཐུན་ཐོག་ལས་ འབད་ནི་དེ་གིས་ འཛོལ་བ་དེ་ མོ་ལུ་ཡང་ཡོདཔ་ལས་ རྒུད་འཐུས་སོགས་ ག་ནི་ཡང་མི་དགོ་ཟེར་ ཞུ་བ་འབད་ཡོདཔ་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་བསྟན་འཛིན།

 

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *