སྐྱེས་ལོ་༢༣ ལང་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ཚེ་བཙོན་བཀལ་ཡོདཔ།

༉ ཁ་ཙ་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་མི་ ཕོ་སྐྱེས་ཅིག་ལུ་ བཙོན་ཁྲིམས་ཚེ་བཙོན་ བཀལ་ཡོདཔ་ཨིན་པས།
ཕུན་ཚོགས་དཔལ་རི་རྒེད་འོག་ ཐུམ་སྐྱེད་གཡུས་ཚན་ལས་ཨིན་མི་ སྐྱེས་ལོ་༢༣ ལང་མི་ ཉེས་འཛུགས་ཅན་ སུག་མཱན་ གུ་རུང་གིས་ དུས་ཅི་ སྤྱི་ཟླ་༣ པའི་ནང་ མི་སྡེ་བརྡ་བརྒྱུད་ ཕེསི་བུག་ནང་ མི་ངོ་རྫུས་མ་བཟོ་སྟེ་ ཚེ་འདས་དང་གཅིག་ཁར་ ཕྱད་པའི་ཤུལ་ལས་ དབང་བཙོང་ལུས་འབྲེལ་དང་ དམར་བསད་འབད་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སུག་མཱན་ གུ་རུང་གིས་ ཚེ་འདས་གང་ག་ཆེ་ཏི་རི་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ཡོད་པའི་ཁར་ ཁོ་རའི་ ཨམ་སྲུ་དང་ མི་གཞན་ལུ་ སླབ་འོང་མནོ་བའི་ འདྲོག་བྱེལ་འཐབ་པའི་ཤུགས་ཀྱིས་ དམར་བསད་འབད་ཡོད་པའི་ རྫུན་ཁ་བཟེད་ཡོདཔ་ཨིན་པས།
དྲི་དཔྱད་འབད་བའི་སྐབས་ ཁོ་གིས་བཤད་མིའི་ནང་ ཚེ་འདས་དང་གཅིག་ཁར་ གཅིག་གིས་གཅིག་ལུ་ དགའ་བའི་ཐོག་ལས་མེན་པར་ ཕེསི་བུག་ནང་ ངོ་ཤེས་པའི་ཤུལ་ལས་ ཁོ་གིས་ འཕྱད་པར་འགྱོ་བའི་སྐབས་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནིའི་ དཔའ་བཅམ་པའི་སྐབས་ ཚེ་འདས་ཀྱིས་ ཁོ་ལུ་ ཁོ་རའི་ཨམ་སྲུ་དེ་ མོ་གིས་ངོ་ཤེསཔ་ལས་ དེ་སྦེ་མ་འབད་ ཨམ་སྲུ་ལུ་སླབ་ནི་མས་ཟེར་སླབ་རུང་ ཁོ་གིས་ ཨོལ་ལྐོག་བསྡམས་ཏེ་ དབང་བཙོང་འབད་མི་ལུ་བརྟེན་ མོ་ར་ དྲན་མེད་སོང་ཡོདཔ་ཨིན་པས།
དྲན་མེད་ཐལ་མི་ལུ་ འདྲོག་པའི་ཤུགས་ཀྱིས་ ཨ་ཅོ་ལྟོ་རས་ཀྱིས་ ཨོལ་ལྐོག་ཤུགས་སྦེ་བསྡམས་ཏེ་ བསད་ཡོདཔ་ཨིན་པས།
བྱ་ངན་དེ་ལུ་བརྟེན་ ཁྲིམས་འདུན་གྱིས་ ཁོ་ལུ་ སྤྱི་ལོ་༢༠༠༤ ལོའི་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ལྟར་ སྲོག་གཅོད་ཀྱི་ཉེས་རིམ་སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་གྱིས་ ཉམས་རྒུདཔ་ལུ་ རོ་བསྡུ་དགེ་རྩ་འབད་བའི་ རྒུད་འཐུས་སྤྲོད་དགོ་པའི་ཐད་ཁར་ ཉེས་འཛུགས་ཅན་གྱི་ ཨ་པ་དང་ ཉམས་རྒུད་པའི་ ཨའི་གཉིས་ཀྱི་བར་ན་ རྒུད་འཐུས་དངུལ་ཀྲམ་ས་ཡ་༠.༡༢༠ སྤྲོད་དགོ་མི་དེ་ སྤྱི་ཟླ་༡༠ པའི་ཚེས་༢༤ གྱི་ནང་འཁོད་ལུ་ སྤྲོད་ཚར་ནི་སྦེ་ གན་རྒྱ་བཟོ་མི་ལྟར་ ཁྲིམས་འདུན་གྱིས་ ངོས་ལེན་འབད་ཡོདཔ་ཨིན་པས།
ཉེས་འཛུགས་ལུ་ དབང་བཙོང་ཐོག་ལས་ འཁྲིག་སྤྱོད་འབད་མི་དེ་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ འཕྲི་སྣོན་བཅའ་ཁྲིམས་༢༠༡༡ ཀྱི་དོན་ཚན་༡༧༧ པ་དང་འཁྲིལ་ གཙན་གཡེམ་གྱི་ ཉེས་རིམ་སྨིན་དགོཔ་ལས་ ཁོ་ར་ འཛིན་བཟུང་འབད་བའི་ཚེས་ སྤྱི་ཟླ་༣ པའི་ཚེས་༡༠ ལས་ སྤྱི་ལོ་༢༠༢༡ ཟླ་༣ པའི་ཚེས་༡༠ ཚུན་ བཙོན་ཁྲིམས་སྨིན་དགོ་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
དེ་མ་ཚད་ ཁོ་གིས་ དབང་བཙོང་འབད་བའི་སྐབས་ དྲན་མེད་ཐལ་ཡོད་རུང་ ཤུལ་ལས་ལོག་འགྱོ་སྟེ་ ཨོལ་ལྐོག་བསྡམས་ཏེ་ དམར་བསད་འབད་མི་ལུ་ བཙོན་ཁྲིམས་ཚེ་བཙོན་ སྨིན་དགོ་པའི་འཁྲུན་ཆོད་ གནང་ཡོདཔ་ཨིན་པས།
འཁྲུན་ཆོད་དེ་ཡང་ ཁ་ཙ་ བསམ་རྩེ་རྫོང་ཁག་ཁྲིམས་འདུན་གྱིས་ གནང་ཡོདཔ་ད་ མཐོ་གཏུགས་འབད་ནིའི་དབང་ཆ་ཚུ་ ཉེས་འཛུགས་ཅན་ལུ་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *