སྨན་ཁབ་བཙུགས་པའི་ཤུལ་ལུ་ གནས་སྟངས་ལེགས་ལྡན་ཐོག་སྡོད་མི་ རྡོ་རྗེ་དཔལ་འབྱོར།

སྐྱེས་ལོ་༡༠༤ ལང་མི་ཅིག་ལུ་ཡང་ ཀོ་བིཌ་༡༩ འི་ སྨན་ཁབ་བཙུགས་ཡོདཔ།

༉ ད་ལྟོ་ དར་དཀར་ནང་ ལྷ་མོའི་རྫིང་ཁ་ལུ་སྡོད་མི་ ནགས་ཚལ་ལས་བྱེདཔ་ལས་ དགོངས་ཞུ་འབད་མི་ རྡོ་རྗེ་དཔལ་འབྱོར་གྱིས་ ལོ་ཨ་རྟག་ར་ ཁོ་རའི་གཡུས་ སྤུ་ན་ཁ་ལུ་ གནས་ཚང་དང་ ཨ་ལོ་ཚུ་ཕྱད་པར་ འགྱོ་ནི་ཡོདཔ་ཨིན་པས།

ཨིན་རུང་ ན་ཧིང་ རྒྱལ་ཁབ་ནང་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལུ་ ཉེན་ཅན་ས་ཁོངས་ནང་ལས་ ཉེན་ཁ་ཆུང་བའི་ ས་ཁོངས་ནང་ འགྲོ་འགྲུལ་འབད་བའི་སྐབས་ བདུན་ཕྲག་རེ་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོ་མི་ལུ་བརྟེན་ ཁོ་ར་ གཡུས་ཁར་འགྱོ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།

འདས་པའི་བདུན་ཕྲག་ནང་ གཞུང་གིས་ རྒྱལ་ཡོངས་སྨན་ཁབ་ལས་རིམ་ འགོ་བཙུགས་པའི་སྐབས་ རྡོ་རྗེ་དཔལ་འབྱོར་ཁོ་ར་ གཡུས་ཁ་ལུ་ ཉེན་ཁ་མེད་པར་ འགྱོ་ཚུགས་པའི་ རེ་བ་བསྐྱེད་དེ་ སྨན་ཁབ་བཙུགས་པར་ འོང་ཡོདཔ་ཨིན་པས།

སྐྱེས་ལོ་༡༠༤ ལང་མི་ རྡོ་རྗེ་དཔལ་འབྱོར་དེ་ རྒྱལ་ཁབ་ནང་ ཀོ་བིཌ་-༡༩ འི་སྨན་ཁབ་བཙུགས་མི་ རྒན་ཤོས་ཚུ་གི་གྲས་ལས་༡ ཨིནམ་ད་ སྨན་ཐུན་ཚད་དང་པ་དེ་ སྤྱི་ཟླ་༤ པའི་ཚེས་༣ ལུ་ གསོ་བའི་ལས་བྱེདཔ་ཚུ་གིས་ སྒོ་བཤལ་ཏེ་འོངམ་ད་ བཙུགས་ཡོདཔ་ཨིན་པས།

ཁོ་ར་ ཉེན་ཁ་ཆེ་བའི་ ས་ཁོངས་ནང་ སྡོད་མི་ཅིག་འབདཝ་ལས་ ན་ཧིང་ ཨ་རྟག་བཟུམ་སྦེ་ ཁོ་རའི་གཡུས་ཁར་ མ་འགྱོ་བར་ སྡོད་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ག་དེམ་ཅིག་སྦེ་ ཁོ་ར་ལུ་ ནད་འབུབ་ཐོབ་སྟེ་ གཞན་ལུ་སྤེལ་བ་ཅིན་ཟེར་བའི་ ཚ་གྱང་ལང་ཡི་ཟེར་ བཤདཔ་ཨིན་པས།

ཁོ་གི་ཨ་པ་གིས་ སྤུ་ན་ཁ་ལུ་ཡོད་མི་ ཁོ་རའི་ནང་མི་ བཟའ་ཚང་གཞན་ཚུ་དང་ ཕྱད་པར་འགྱོ་ནིའི་དོན་ལུ་ སྨན་ཁབ་དེ་ལུ་ ཡུན་རིངམོ་སྦེ་ར་ བསྒུགས་སྡོད་ཅི་ཟེར་ཨིན་པས།

རྡོ་རྗེ་དཔལ་འབྱོར་ལུ་ སྨན་ཁབ་བཙུགས་པའི་ཤུལ་ལུ་ གཟུགས་ཁམས་འཕྲོད་བསྟེན་ལུ་ སྟབས་མ་བདེཝ་ ག་ཅི་ཡང་མ་བྱུངམ་ལས་ ད་ལྟོ་ གནས་སྟང་ལེགས་ལྡན་ཐོག་ལུ་ར་ཡོད་ཟེར་ཨིན་པས།

རྡོ་རྗེ་དཔལ་འབྱོར་དེ་ ཁོ་རའི་གཡུས་ཁར་ མ་འགྱོ་བར་ ལུས་དགོ་མིའི་ གནད་དོན་གཞན་དེ་ བདུན་ཕྲག་༡ གི་རིང་ ངེས་པར་དུ་ ཟུར་བཞག་ནང་ སྡོད་དགོ་ནི་དེ་གིས་ཨིནམ་ད་ མིག་དམར་འབྲུག་པ་གིས་འབད་བ་ཅིན་ ཁོ་རའི་ཨ་པ་བཟུམ་ ལོ་རྒས་མི་ཚུ་ ཟུར་བཞག་ནང་ཡང་ སྡོད་ཐབས་མིན་འདུག་ཟེར་ཨིན་པས།

སྤྱི་ལོ་༢༠༠༢ ལུ་ རྡོ་རྗེ་དཔལ་འབྱོར་དེ་ ཁྲག་ཤུགས་ལུ་བརྟེན་ གཟུགས་སྤར་མ་བཏུབ་ ཐལ་བའི་ཤུལ་ལུ་ འགྲོས་ཀྱིས་སྦེ་ དྲག་ཡོདཔ་ཨིན་རུང་ ད་རེས་ ཆབ་གསང་བཏངམ་ད་ གཟུགས་ལེགས་ཤོམ་སྦེ་ སྤར་མ་བཏུབ་པའི་ དཀའ་ངལ་ཡོད་རུང་ ཁྲག་ཤུགས་ཀྱི་ སྨན་བཟའ་དོ་ཡོདཔ་ཨིན་པས།

འགོ་ཐོག་སྐབས་ སྨན་ཁབ་དེ་ བཙུགས་ཚར་བའི་ཤུལ་ལུ་ བདུན་ཕྲག་གཅིག་གི་ ཟུར་བཞག་ལམ་ལུགས་ མེདཔ་བཟོ་སྟེ་ ཁོ་རའི་ཨ་པ་ གཡུས་ཁར་འགྱོ་ཚུགས་པའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ ད་རུང་ འགྱོ་མི་ཚུགས་ནི་མས་ཟེར་ བུ་གིས་ བཤདཔ་ཨིན་པས།

བདུན་ཕྲག་གཅིག་གི་རིང་ སྨན་ཁབ་ལས་རམ་ འགོ་འདྲེན་འཐབ་པའི་སྐབས་ དར་དཀར་ནང་ལུ་ འོས་ཚད་ལྡན་པའི་ མི་བརྒྱ་ཆ་༩༠ ལུ་ སྨན་ཁབ་བཙུགས་ཚར་ཡོདཔ་ཨིན་པས།

རྫོང་ཁག་ནང་ མི་གྲངས་༡༧,༥༨༣ གིས་ ཐོ་བཀོད་འབད་ས་ལས་ ཨ་ལོ་སྐྱེ་ནི་ཡོད་མི་དང་ ཨོམ་བྱིན་པའི་བསྒང་ཨིན་མི་ ཨམ་སྲུ་དག་པ་ཅིག་བརྩིས་ཏེ་ མི་༡༦,༠༠༠ ལུ་ ན་ཁབ་བཙུགས་ཡོད་པའི་གནས་ཚུལ།

སྐད་སྒྱུར་ ཉི་མ་དབང་འདུས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *