སྐྱེས་མའི་ངལ་གསོ་ གཅིག་མཚུངས་ལག་ལེན་གྱི་འོས་འབབ?

༉ འདས་པའི་ལོ་༤ གི་རིང་ལུ་ མི་སེར་དམངས་གཙོ་ཚོགས་པའི་ གཞུང་སྐྱོང་གིས་ ཁས་བླངས་དག་པ་ཅིག་ གྲུབ་མིའི་གྲས་ལ་༡ ཞི་གཡོག་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་ལུ་ སྐྱེས་མའི་ངལ་གསོ་ ཟླཝ་༣ ལས་༦ ལུ་ ཡར་སེང་འབད་མི་དེ་ཨིནམ་ད་ དེ་གིས་ ཞི་གཡོགཔ་ཨམ་སྲུ་ཨ་ལོ་སྐྱེས་མི་ཚུ་ལུ་ ཕན་ཐོགས་སྦོམ་བྱུང་སྟེ་འདུག།
སྐྱེས་མའི་ངལ་གསོ་ ཡར་སེང་འབད་མི་དེ་ཡང་ ཨའི་གིས་ ཨ་ལོ་དེ་ལུ་ ཨོམ་དང་ བཞེས་སྒོ་ལ་སོགས་པ་ དུས་ཚོད་ཁར་ བྱིན་ཚུགས་ནི་དང་ གཅེས་སྐྱོང་ལེགས་ཤོམ་འབད་ནིའི་ ཕན་ཐབས་ལུ་དམིགས་ཏེ་ཨིན་མས།
འདི་འབདཝ་ལས་ གཞུང་གིས་ སྐྱེས་མའི་ངལ་གསོའི་ གྲོས་གཞི་དེ་ སྤྱི་ཚོགས་ནང་བཙུགས་ཏེ་ ཆ་འཇོག་གྲུབ་པའི་ཤུལ་ལུ་ སྤྱི་ལོ་༢༠༡༦ ལས་ ཞི་གཡོག་ནང་ ལག་ལེན་འཐབ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ གཞུང་དབང་ལས་འཛིན་ཚུ་ནང་ཡང་ སྐྱེས་མའི་ངལ་གསོ་ཟླཝ་༦ བྱིན་དགོ་པའི་ ཨུ་ཚུགས་བསྐྱེད་མི་ལུ་བརྟེན་ གནད་དོན་དེ་གི་སྐོར་ལས་ རྩོད་འགྲན་ལེ་ཤ་བྱུང་ཡི།
རྩོད་འགྲན་དེ་ཡང་ སྐྱེས་མ་ཚུ་ལུ་ གཞུང་གཡོགཔ་བཟུམ་སྦེ་ ངལ་གསོ་ཟླཝ་༦ བྱིན་པ་ཅིན་ ལས་འཛིན་ཚུ་གི་ནང་ལས་ཡང་ གཙོ་བོ་ར་ ཚོང་འབྲེལ་ལུ་བརྟེན་མི་དང་ གཞུང་ལས་ ཕབ་ཆག་འཐོབ་ནི་མེད་མི་ཚུ་ལུ་ འབབ་ཁུངས་དང་ ཚོང་འབྲེལ་ལུ་ ཐོ་ཕོག་ཉེན་ཡོད་མི་ལུ་བརྟེན་ བྱུང་ཡོདཔ་ད་ ལ་ལོ་གིས་ སྐྱེས་མའི་ངལ་གསོ་ལུ་བརྟེན་ ལཱ་གཡོག་ནང་ གསར་བཙུགས་འབདཝ་ད་ ཨམ་སྲུ་ཚུ་ལུ་ གོ་སྐབས་མི་འབྱིན་ནི་གི་ ཉེན་ཁ་ཡོད་པའི་སྐོར་ལས་ཡང་ རྩོད་འགྲན་འབད་མི་ཐོན་ཡི།
ཨིན་རུང་ ད་ཚུན་གྱི་བར་ན་ གཞུང་དབང་ལས་འཛིན་མང་ཤོས་ཅིག་གིས་ར་ རང་སོའི་ལས་གཡོག་པའི་བཅའ་ཡིག་དང་འཁྲིལ་ སྐྱེས་མའི་ངལ་གསོ་ཟླཝ་༦ མེན་པར་ ཟླཝ་༣ འབྱིད་ཞིནམ་ལས་ སྟབས་བདེ་དུས་ཚོད་བྱིན་ཏེ་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༣ དེ་རེ་ ཡིག་ཚང་ནང་ ལཱ་འབད་དགོཔ་བཟོ་ནུག།
ལས་འཛིན་ལ་ལོ་ཅིག་གིས་ རང་སོའི་ལཱ་གི་ དགོས་མཁོ་དང་འཁྲིལ་ སྐྱེས་མ་ལ་ལོ་ཅིག་ རང་སོའི་སྟབས་བདེ་ཧིང་དང་འཁྲིལ་ དྲོ་པར་དང་ ཡང་ཅིན་ ཉིན་མར་ ཡིག་ཚང་ནང་ འོང་དགོཔ་སྦེ་ བཟོ་ཡོད་རུང་ ལ་ལོ་ཅིག་ལུ་ ལཱ་ཡོདཔ་ད་ རང་སོའི་ཁྱིམ་ནང་ལས་ ལཱ་འབད་དགོ་པའི་ གོ་སྐབས་བྱིན་མི་ཚུ་ ད་ཚུན་གྱི་བར་ན་ ལེགས་ཤོམ་འགྱོ་བའི་ མངོན་གསལ་བྱུང་ཡི།
ད་རུང་ འདས་པའི་ཟླཝ་ནང་ དངུལ་རྩི་ལྷན་ཁག་ རྒྱ་ཁྱབ་དཔལ་འབྱོར་ལས་ཁུངས་ཀྱིས་ གཞུང་དབང་ལས་འཛིན་ཚུ་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་གི་ སྐྱེས་མའི་ངལ་གསོ་དེ་ ཟླཝ་༦ ལུ་ ཡར་སེང་འབད་དགོ་པའི་ ཡིག་ཚང་བཀའ་རྒྱ་བཏོན་ཡོདཔ་ད་ དེ་ལུ་ ལས་འཛིན་མང་ཤོས་ཅིག་གིས་ སང་ཕོད་སྤྱི་ཟླ་དང་པ་ལས་ ལག་ལེན་འཐབ་ནི་སྦེ་ ཐག་བཅད་ནུག།
མ་གཞི་ གོང་ལུ་ གསལ་བཀོད་འབད་དོ་བཟུམ་ སྐྱེས་མའི་ངལ་གསོ་ ཟླཝ་༦ ལུ་ ཡང་སེང་འབད་མི་དེ་གིས་ གཞུང་གཡོག་དང་ ལས་འཛིན་ཚུ་ནང་ ལཱ་འབད་མི་ ཨམ་སྲུ་ཚུ་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ནི་ཨིན་རུང་ དངུལ་རྩིས་ལྷན་ཁག་གི་འོག་ལུ་ཡོད་མི་ གཞུང་དབང་ལས་འཛིན་ མང་ཤོས་ཅིག་ར་ གཞུང་ལས་མ་དངུལ་གྱི་ རྒྱབ་སྐྱོར་མེད་པར་ སྒེར་གྱི་ལས་སྡེ་བཟུམ་སྦེ་ར་ རང་གིས་འབབ་ཁུངས་བཟོ་ཐོག་ལས་ འཚོ་ཡུན་བརྟན་ཐབས་འབད་དོ་ཡོདཔ་ལས་ སྐྱེས་མའི་ངལ་གསོ་ ཟླཝ་༦ བྱིན་ནི་དེ་ འོས་ལྡན་ཅིག་ མི་མཐོང་པས།
དེ་མ་ཚད་ གཞུང་གི་ཧོངས་ལས་འབད་རུང་ སྐྱེས་མའི་ངལ་གསོ་ ཟླཝ་༦ ཨིན་ཅི་མིན་ཅི་བྱིན་དགོཔ་སྦེ་ བཀའ་རྒྱ་གནང་མི་དེ་ཡང་ ལས་འཛིན་ཚུ་གི་ སྟབས་བདེ་ཧིང་ལུ་ མ་བལྟ་བར་ ཕྱོགས་གཅིག་གི་ གྲོས་ཐག་བཅད་གནང་ཡོདཔ་ལས་ ལས་འཛིན་ལ་ལོ་ཅིག་ལུ་ བྱ་སྟབས་མ་བདེཝ་ཡོད་པའི་ ལོ་རྒྱུས་ཡང་གོཝ་མས།
མ་གཞི་ གཞུང་གི་བཀ་རྒྱ་ལུ་ ངེས་པར་དུ་ གནས་དགོཔ་ཨིན་རུང་ ཚོང་འབྲེལ་ལུ་བརྟེན་ འཚོ་སྐྱོང་འཐབ་མི་ ལས་འཛིན་ཚུ་གི་ཐད་ལུ་ ཁོང་རའི་ ལས་གཡོག་བཅའ་ཡིག་དང་ སྒྲིག་གཞི་དང་འཁྲིལ་ སྟབས་བདེ་དུས་ཚོད་ ལག་ལེན་འཐབ་བཅུག་པ་ཅིན་ རང་སྐྱོང་ལས་འཛིན་གྱི་ དམིགས་ཡུལ་འགྲུབ་ནི་དང་ ཚོང་འབྲེལ་ཡང་ ལེགས་ཤོམ་སྦེ་ འཐབ་ཚུགས་པའི་ ཁེ་ཕན་ཡོདཔ་ད་ གལ་སྲིད་ ལས་འཛིན་ག་ར་གིས་ གཞུང་གཡོག་དང་ ཤོ་མཚུངས་སྦེ་ སྐྱེས་མའི་ངལ་གསོ་ཟླཝ་༦ བྱིན་པ་ཅིན་ འབྲུག་ཁྲལ་ཡངས་ལས་འཛིན་ལ་སོགས་པའི་ ཚོང་སྡེ་ལས་བྱེདཔ་མང་ཤོས་ར་ ཨམ་སྲུ་ཡོདཔ་ལས་ ཨམ་སྲུ་ལེ་ཤ་ཅིག་གིས་ར་ དུས་མཉམ་ལུ་ ཨ་ལོ་སྐྱེས་བ་ཅིན་ ཡིག་ཚང་སྒོ་བསྡམ་དགོཔ་ འཐོན་ནི་ཨིན་མས།
འདི་འབདཝ་ལས་ གཞུང་གིས་ ཁས་བླངས་རྐྱངམ་གཅིག་ འགྲུབ་ཐབས་འབད་ནི་ལུ་ གཙོ་རིམ་བཟུང་ནི་མེན་པར་ ཕབ་ཆག་ཐོབ་ནི་མེད་པའི་ ལས་འཛིན་ཚུ་གི་ སྟབས་བདེ་དུས་ཚོད་ བཟོ་མི་ཚུ་ལུ་ཡང་ ངོས་ལེན་གནང་དགོ་ཟེར་ ཞུ་ནི་ཨིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *