སྐྱེལ་འདྲེན་དང་འབྲེལ་བའི་ ཞབས་ཏོག་ལེགས་ལྡན་བྱིན་ནི་ལུ་ དོ་འགྲན།

༉ ད་རེས་ནངས་པར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྐྱེལ་འདྲེན་དང་འབྲེལ་བའི་ ཞབས་ཏོག་ལེགས་ལྡན་ཐོག་ལས་ བྱིན་ཐབས་ལུ་ དབང་འཛིན་ལུ་ ཁྱད་ཆོས་དང་ རིག་རྩལ་ཅན་གྱི་ མི་སྟོབས་མེད་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
དེ་ཡང་ དབང་འཛིན་ལུ་ གདོང་ལེན་ལེ་ཤ་བྱུང་མིའི་གྲས་ལས་ གཅིག་ཨིནམ་ད་ མི་སྟོབས་ཀྱི་དཀའ་ངལ་ཚུ་ཡང་ སྐྱེལ་འདྲེན་གྱི་་འཆར་གཞི་བཟོ་མི་དང་ སྐྱེལ་འདྲེན་དཔལ་འབྱོར་མཁས་མཆོག་ ཁྱད་རིག་དང་ལྡན་པའི་ མི་མང་སྐྱེལ་འདྲེན་པ་ སྣུམ་འཁོར་བརྡ་སྟོན་ འཕྲུལ་རིག་འགོ་དཔོན་ ཉེན་སྲུང་ཁྱད་རིག་ཅན་ དེ་ལས་ འཕྲུལ་བཅོས་དང་ སྣུམ་འཁོར་གྱི་ འཕྲུལ་ལས་འགོ་དཔོན་ཚུ་ཨིན་པས།
དབང་འཛིན་གྱི་ རྩིས་ལོ་༢༠༡༦ དང་༢༠༡༧ གྱི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྣུམ་འཁོར་གྱི་ གྱངས་ཁ་ཡར་སེང་སོང་མི་ལུ་བརྟེན་ ལམ་འགྲུལ་གྱི་ དཀའ་ངལ་རྒྱ་ཆེ་དྲགས་སྦེ་ར་ བྱུང་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༠༥ ལས་འགོ་བཙུགས་ ད་ལྟོ་ཚུན་ སྣུམ་འཁོར་དང་འབྲེལ་བའི་ རྐྱེན་ངན་བྱུང་མི་ཚུ་ནང་ མི་གྲངས་༩༨༧ ལུ་ ཤི་རྐྱེན་བྱུང་ཡོད་མི་དེ་ ལོ་བསྟར་གུ་རྩིས་ཕབ་ད་ ལོ་བསྟར་བཞིན་དུ་ མི་གྲངས་༧༦ ལུ་ ཤི་རྐྱེན་བྱུང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ལོ་བསྟར་བཞིན་དུ་ མི་གྲངས་༤༤༦ ལུ་ རྨ་སྐྱོན་བྱུང་མི་བརྩིས་ཏེ་ ལོ་ངོ་༡༡ གི་ནང་འཁོད་ལུ་ མི་གྲངས་༥,༨༠༩ ལུ་ སྣུམ་འཁོར་ལུ་བརྟེན་པའི་ རྨ་སྐྱོན་བྱུང་ཡོདཔ་ཨིན་པས།
དེ་ལས་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ སྤ་རོ་ དེ་ལས་ དགེ་ལེགས་ཕུག་གི་ཁྲོམ་ཚུ་ནང་ སྣུམ་འཁོར་མ་ཤོང་པའི་ དཀའ་ངལ་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་བཞིན་དུ་ མི་བརྒྱ་ཆ་༦༥ གིས་ རང་སོའི་སྣུམ་འཁོར་ ལག་ལེན་འཐབ་མི་ ཡར་སེང་སོང་མི་དེ་གིས་ སྣུམ་འཁོར་གྱི་གནས་སྟངས་ མར་བབས་སོང་སྟེ་འདུག་ཟེར་ དབང་འཛིན་གྱི་ ལོ་བསྟར་སྙན་ཞུ་ཐེངས་༩ པའི་ནང་བཀོད་ནུག།
དེ་མ་ཚད་ དབང་འཛིན་ལུ་ དཀའ་ངལ་གཞན་གཅིགཔོ་དེ་ ཁྲོམ་སྡེ་ཚུ་ནང་ སྣུམ་འཁོར་བཞག་སའི་ ས་ཁོངས་ལངམ་སྦེ་ མེད་མི་དེ་ཨིནམ་ད་ རྒྱལ་ཡོངས་སྔོ་ཚལ་ཤེལ་ཁྱིམ་གེསི་བཙོག་རླུང་ཐོ་༢,༠༠༠ ཅན་མ་དང་འཁྲིལཝ་ད་ སྐྱེལ་འདྲེན་ལས་སྡེ་གིས་ སྔོ་ཚལ་ཤེལ་ཁྱིམ་གེསི་བཙོག་རླུང་དང་འབྲེལ་བའི་ ནུས་ཤུགས་བརྒྱ་ཆ་༤༥ ཐོན་སྐྱེད་འབད་མི་དེ་ སྤྱིར་བཏང་ སྔོ་ཚལ་ཤེལ་ཁྱིམ་གེསི་བཙོག་རླུང་ བརྒྱ་ཆ་༧ ཐོན་མི་དེ་གིས་ སྐྱེལ་འདྲེན་ལས་སྡེ་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་ཡོདཔ་ཨིན་པས།
ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ གདོང་ལེན་ཚུ་ སེལ་ཐབས་ལུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་གྱི་ སྒྲིག་གཞི་དང་ བཅའ་ཡིག་དེ་ དུས་ཚོད་འགྱུར་བ་དང་བསྟུན་ བསྐྱར་ཞིབ་འབད་ནི་ཨིན་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་མ་ཚད་ སྣུམ་འཁོར་མ་ཤོང་མི་དང་ སྔོ་ཚལ་ཤེལ་ཁྱིམ་གེསི་གི་ བཙོག་རླུང་ཐོན་མི་ དེ་ལས་ མི་མང་སྐྱེལ་འདྲེན་གཞི་རྟེན་དང་ མཐུན་རྐྱེན་ལུ་ ལྷན་ཐབས་འབད་ནིའི་དོན་ལུ་ རྒྱལ་ཡོངས་སྐྱེལ་འདྲེན་སྲིད་བྱུས་དེ་ཡང་ དུས་མཐུན་བཟོ་ནི་ཨིན་པས།
དེ་ལས་ སྙན་ཞུའི་ནང་ དབང་འཛིན་གྱིས་ མི་སྡེ་གྲལ་བཙུགས་དང་ འགྲུལ་སྐྱོད་ དེ་ལས་ མཉམ་འབྲེལ་དང་ ལག་ལེན་གདོང་ལེན་ཚུ་ལུ་ གཙོ་རིམ་བཟུང་ནི་ཨིནམ་བཞིན་དུ་ བཅའ་ཡིག་དང་ སྲིད་བྱུས་བསྐྱར་ཞིབ་འབདཝ་ད་འབྲེལ་ གཙུག་སྡེ་ངོས་ལེན་དང་ ལེགས་བསྒྱུར་གྱི་ རྒྱབ་སྣོན་ཚུ་ཡང་ འབད་ནི་ཨིན་པས།
རྒྱབ་སྣོན་ཚུ་ཡང་ གལ་སྲིད་ བཅའ་ཡིག་དང་ སྲིད་བྱུས་དེ་ གཞུང་གིས་ ཆ་འཇོག་གྲུབ་པའི་ཤུལ་ལས་མ་གཏོགས་ ལེགས་བཅོས་འབད་མི་ཚུགས་ནི་ཨིནམ་ད་ དབང་འཛིན་གྱི་ མི་མང་གི་ ཞབས་ཏོག་དེ་ ལེགས་ཤོམ་སྦེ་ སྤྲོད་ཐབས་ལུ་ མི་སྟོབས་ཀྱི་ ལྕོགས་གྲུབ་ཡང་ གོང་འཕེལ་གཏང་ནི་ཨིན་པས།
དབང་འཛིན་གྱིས་ རྩིས་ལོ་དེ་ནང་ སྤྱིར་བཏང་ སྐྱེལ་འདྲེན་ལམ་ལུགས་ ཡར་དྲག་གཏང་ཐོག་ལས་ གྲུབ་འབྲས་སྦོམ་སྦེ་ར་ བྱུང་སྟེ་ཡོད་མི་ཡང་ འགྲུལ་འཁོར་བཱས་ཀྱི་ ལམ་ཕྱོགས་གསརཔ་༡༢ དེ་ཅིག་ གཞི་བཙུགས་འབད་བའི་ཁར་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་བཅའ་ཡིག་༡༩༩༩ ཅན་མ་དེ་ བསྐྱར་ཞིབ་འབད་ནུག།
འགྲུལ་འཁོར་བཱསི་གི་ ལམ་ཕྱོགས་གསརཔ་ཚུ་ཡང་ གཞལམ་སྒང་ལས་ ཕུན་ཚོགས་གླིང་དང་ དགེ་ལེགས་ཕུག་ལས་ རྩི་རང་ ཕུན་བརྟན་ཆུ་ དགེ་ལེགས་ཕུག་ལས་ གཞནལམ་སྒང་བུ་ལི་ དགེ་ལེགས་ཕུག་ལས་ པཱན་སྦང་ ལྷུན་རྩེ་ལས་ མོང་སྒར་ ཐིམ་ཕུག་ལས་ མགར་ས་ བསམ་ལྡིངས་ཁ་ལས་ ཐིམ་ཕུག་ཚུ་ནང་ གཞི་བཙུགས་འབད་ནུག།
དེ་མ་ཚད་ མི་མང་གི་མཐའ་དོན་ལུ་ བསམ་ལྡིངས་ཁ་ལས་ ཁུ་རུ་ཐང་དང་ ཐིམ་ཕུག་ལས་ དར་དཀར་ནང་ལར་རྒྱབ་ ལར་རྒྱབ་ལས་ དབང་འདུས་ཕོ་བྲང་ ཐིམ་ཕུག་ལས་ ལྷུན་རྩེ་ དེ་ལས་ ཐིམ་ཕུག་ལས་ ཕོབ་སྦྱིས་ཁ་ཚུ་ནང་ འགྲུལ་འཁོར་བཱསི་གི་ ལམ་ཕྱོགས་གསརཔ་སྦེ་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ སྐྱེལ་འདྲེན་གྱི་ ལམ་ཕྱོགས་ཡར་དྲག་གཏང་མི་ལུ་བརྟེན་ རྩིས་ལོ་དེ་ནང་ འགྲུལ་པ་ས་ཡ་༡.༠༢ དེ་ཅིག་ སྐྱེལ་འདྲེན་འབདནུག།
བཅའ་ཡིག་དེ་ཡང་ ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་ བསྐྱར་ཞིབ་མ་འབད་བར་ ལུས་ཡོད་མི་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་དང་ དབང་འཛིན་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ འབྲེལ་ཡོད་ལས་སྡེ་དང་གཅིག་ཁར་ གྲོས་བསྟུན་འབད་དེ་ བསྐྱར་ཞིབ་འབད་ཡོདཔ་བཞིན་དུ་ ཟིན་བྲིས་བཏབ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ ཆ་འཇོག་འགྲུབ་ཚུགས་པའི་ རེ་བ་ཡོད་ཟེར་ སྙན་ཞུ་ནང་བཀོད་ནུག།
དེ་ལས་ ལོ་དེ་ནང་ དབང་འཛིན་གྱིས་ འོང་འབབ་དངུལ་ཀྲམ་༣༩༧,༢༩༩,༩༧༡ དེ་ཅིག་ བཟོ་ཚུགས་མི་དེ་ འདས་པའི་ལོ་དང་ཕྱདཔ་ད་ བརྒྱ་ཆ་༦.༡༥ དེ་ཅིག་གིས་ ཡར་སེང་སོང་སྟེ་ཡོདཔ་ད་ སྤྱི་ལོ་༢༠༡༧ ཟླ་༡༢ པའི་ནང་འཁོད་ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་༩༢,༠༠༨ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *