མར་ཐོན་སྐྱེད་འབད་བའི་བསྒང་།

སྐྱེལ་འདྲེན་གྱི་ དཀའ་ངལ་ལུ་བརྟེན་ ཨོམ་བཀྲམ་སྤེལ་འབད་ནི་ལུ་ ཐོ་ཕོག་ཡོདཔ།

༉ བཀྲིས་སྒང་ ཆེ་ན་རི་ལུ་ ཨོ་ཆས་ཐོན་སྐྱེད་འཕྲུལ་ཆས་ སྦོམ་ཤོས་ཅིག་ གཞི་བཙུགས་འབད་མི་དེ་གིས་ ད་ལྟོ་ ཐོན་ཤུགས་བརྒྱ་ཆ་༣༠ ལས་བརྒལ་ ལག་ལེན་འཐབ་མ་ཚུགས་པར་ ཡོདཔ་ཨིན་པས།
བཀྲིས་སྒང་ སྒོ་ནོར་ལས་ཁུངས་ཀྱི་ གནས་སྡུད་དང་འཁྲིལཝ་ད་ རྫོང་ཁག་གིས་ སྤྱི་ལོ་༢༠༡༥ ལུ་ ཨོམ་མེ་ཊིག་ཊཱོན་༤,༧༣༩ ཐོན་སྐྱེད་འབད་མི་དང་ཕྱདཔ་ད་ ན་ཧིང་ མེ་ཊིག་ཊཱོན་༦,༧༡༠ དེ་ཅིག་ལས་བརྒལ་ ཐོན་སྐྱེད་འབད་མ་ཚུགས་པས།
ཀོ་ཕུ་ཀོ་རྒྱལ་སྤྱི་ལས་སྡེའི་ ཨོ་ཆས་ཐོན་སྐྱེད་འཕྲུལ་ཆས་ནང་ ཨོམ་ལི་ཊར་༤,༠༠༠ ཤོང་ཚུགས་རུང་ ཉིན་བསྟར་བཞིན་དུ་ ཨོམ་ལི་ཊར་༡,༢༠༠ ལས་བརྒལ་ འཐོབ་ནི་མེད་མི་དེ་ཡང་ རྫོང་ཁག་ནང་ ཨོམ་སྡེ་ཚན་༢༢ ཡོད་མིའི་གྲས་ལས་ སྡེ་ཚན་༩ གིས་མ་གཏོགས་ འབག་འོང་ནི་མེད་མི་ལུ་བརྟེན་ཨིན་པས།
ཀོ་ཕུ་ཀོ་རྒྱལ་སྤྱི་ལས་སྡེའི་ ལག་ལེན་འཛིན་སྐྱོང་པ་ སཱན་ཇོཊ་ བིཤ་ཝ་ཀརྨ་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འཕྲུལ་ཁང་ནང་ ཨོམ་འབག་འོང་ནི་ལུ་ གདོང་ལེན་སྦོམ་སྦེ་ར་ བྱུང་སྟེ་འདུག་ཟེར་ཨིནམ་ད་ སོ་ནམ་པ་ མང་ཤོས་ཅིག་གིས་ ཨོ་ཆས་ཐོན་སྐྱེད་འཕྲུལ་ཁང་དེ་ ས་ཐག་རིང་ནི་དེ་གིས་ བཀྲམ་སྤེལ་འབད་མི་བཏུབ་པས་ཟེར་ཨིནམ་ད་ གཅིག་ལས་ལྟཝ་ད་ ཨོམ་གྱི་གོང་ཚད་དང་ཕྱདཔ་ད་ སྐྱེལ་འདྲེན་གྱི་ གླ་ཆ་དེ་ མཐོ་དྲགས་འདུག་ཟེར་ཨིན་པས།
འཕྲུལ་ཁང་ནང་ ཨོམ་བསྡུ་ལེན་འབད་ནིའི་དོན་ལུ་ སྣུམ་འཁོར་༡ ལས་བརྒལ་མེདཔ་ལས་ ཉིན་བསྟར་བཞིན་དུ་ སོ་ནམ་པ་ཚུ་ལས་ ཨོམ་ལེན་པར་ ལྷོད་མི་ཚུགས་དོ་ཡོད་རུང་ འཕྲལ་མགྱོགས་ར་ ཨོམ་ལི་ཊར་༢,༠༠༠ ཤོང་ཚུགས་པའི་ སྣུམ་འཁོར་ཊེང་ཀར་ཅིག་ ལྷོད་ནི་ཨིནམ་ལས་ དེ་གིས་ ལྷན་ཐབས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ སཱན་ཇོཊ་ བིཤ་ཝ་ཀརྨ་གིས་ བཤདཔ་ཨིན་པས།
ཨོ་ཆས་ཐོན་སྐྱེད་འཕྲུལ་ཁང་དེ་ སྤྱི་ལོ་༢༠༡༥ ལུ་ འབྲུག་རྒྱུ་ནོར་གཞི་བཟུང་དང་ ཇ་པཱན་གྱིས་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་བཞིན་དུ་ ཇ་པཱན་གྱིས་ བགོ་བཤའ་བརྒྱ་ཆ་༧༠ དང་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ བརྒྱ་ཆ་༣༠ འཆང་སྟེ་ཡོདཔ་ཨིན་པས།
ཨོམ་གྱི་རིན་དེ་ ལས་སྡེ་གིས་ སྤྲོད་དོ་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་འཁོད་དང་ ཇ་པཱན་ལུ་ གུན་ཌག་དར་ཚིལ་ ཚོང་འབྲེལ་འཐབ་ནི་ལུ་ གཞི་བཙུགས་འབད་ཡོད་རུང་ སོ་ནམ་པ་ཚུ་གིས་ འཕྲུལ་ཁང་ནང་ ཨོམ་བཀྲམ་སྤེལ་མ་འབད་ནི་དེ་གིས་ དཀའ་ངལ་བྱུང་སྟེ་ཡོདཔ་ཨིན་པས།
དུས་ཅི་ སྤྱི་ཟླ་༣ པའི་ནང་ འཕྲུལ་ཁང་གི་ བདག་དབང་སོར་ཡོདཔ་ལས་ ད་རེས་ འབྲུག་རྒྱུ་ནོར་གཞི་བཟུང་གིས་ ལས་སྡེ་བགོ་བཤའ་༨༠ འཆང་སྟེ་ཡོདཔ་ཨིན་པས།

ཨོ་ཆས་ཐོན་སྐྱེད་འཕྲུལ་ཆས།

ཀོ་ཕུ་ཀོ་རྒྱལ་སྤྱི་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཨོ་རྒྱན་དོན་གྲུབ་ཀྱིས་ སླབ་མིའི་ནང་ འཕྲུལ་ཁང་གི་ ཐོན་སྐྱེད་ངོ་མ་གཅིག་ སྤུས་ཚད་ཅན་གྱི་ གུན་ཌག་དར་ཚིལ་ ཐོན་སྐྱེད་འབད་ནི་ཟེར་ཨིན་པས།
ཨོ་རྒྱན་དོན་གྲུབ་ཀྱིས་འབད་བ་ཅིན་ ལོ་བསྟར་བཞིན་དུ་ རྒྱལ་ཁབ་ཀྱིས་ རིན་གོང་དངུལ་ཀྲམ་ཐེར་འབུམ་༣ གནས་པའི་ ཨོམ་གྱི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་དོ་ཟེར་ཨིནམ་ད་ གལ་སྲིད་ འཕྲུལ་ཁང་དེ་ ལེགས་ཤོམ་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ ཨོམ་གྱི་ཐོན་སྐྱེད་ ནང་འདྲེན་འཐབ་ནི་ལུ་ མར་ཕབ་འབད་ཚུགས་ཟེར་ སླབ་ཨིན་པས།
རྒྱལ་ཁབ་ནང་ ཨོམ་གྱི་ཚོང་འབྲེལ་ལུ་བརྟེན་ དམིགས་བསལ་དུ་ གྲོང་གསེབ་ཚུ་ནང་ དབུལ་ཕོངས་ཀྱི་ དཀའ་ངལ་སེལ་ཐབས་ འབད་ཚུགས་ནི་མས་ཟེར་ ཁོ་གིས་ སླབ་ཨིན་པས།
ན་ཧིང་ ཨོ་ཆས་ཐོན་སྐྱེད་འཕྲུལ་ཁང་ལུ་ དངུལ་ཀྲམ་ས་ཡ་༣༠ གྱོང་རྒུད་ཕོག་ཡོད་རུང་ དུས་ཅི་ ལས་སྡེ་གིས་ གྱོང་རྒུད་བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ད་ འཕྲུལ་ཁང་གིས་ ད་ལྟོ་ཡོད་པའི་ ཐོན་སྐྱེད་ཚུ་ གནས་ཚད་བཟོ་ནི་དང་ གོང་འཕེལ་གཏང་ནིའི་ བྱ་རིམ་བཟོ་བའི་བསྒང་ཡོད་ཟེར་ ཨོ་རྒྱན་དོན་གྲུབ་ཀྱིས་ སླབ་ཨིན་པས།
ཀོ་ཕུ་ཀོ་རྒྱལ་སྤྱིའི་ལས་སྡེ་གིས་ ཐོན་སྐྱེད་གསརཔ་ བཞོ་དང་ མར་ གཱི་ དེ་ལས་ དར་ཚིལ་ལ་སོགས་པ་ཚུ་ ཐོན་སྐྱེད་འབད་ནི་ འགོ་བཙུགས་ཏེ་ཡོདཔ་ཨིན་པས།
ཀོ་ཕུ་ཀོ་རྒྱལ་སྤྱི་ལས་སྡེ་གིས་ ཨོམ་ཉོ་ནིའི་དོན་ལུ་ ཟླཝ་རེ་ལུ་ དངུལ་ཀྲམ་ས་ཡ་༡.༥ དེ་ཅིག་ ཟད་འགྲོ་བཏང་དོ་ཡོདཔ་ད་ ཨྱོན་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཉིནམ་རེ་ལུ་ དངུལ་ཀྲམ་༣༠,༠༠༠ དེ་ཅིག་གནས་པའི་ ཨོམ་དཀྱོགས་མི་དེ་གིས་ མི་སེར་ཚུ་གི་ དཔལ་འབྱོར་ལུ་ ལྷན་ཐབས་བྱུང་སྟེ་ཡོད་ཟེར་ཨིན་པས།
འཕྲུལ་ཁང་ནང་ གུང་པ་༢༠༦ དེ་ཅིག་གིས་ ཨོམ་བཀྲམ་སྤེལ་འབད་དོ་ཡོདཔ་བཞིན་དུ་ མ་འོངས་པ་ལུ་ ལས་སྡེ་གིས་ ཉེ་འདབས་ཀྱི་རྫོང་ཁག་ མོང་སྒར་དང་ བཀྲིས་གཡང་རྩེ་ལས་ཡང་ ཨོམ་ལེན་ནིའི་འཆར་གཞི་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ལྕགས་སི་མཁར་དང་ སྔ་ཚང་རྒེད་འོག་གི་ མི་སེར་ཚུ་གིས་ ཨོམ་བཀྲམ་སྤེལ་འབད་ནི་ལུ་ ཁ་བཟེད་ཡོད་པའི་ཁར་ རྒེད་འོག་༢ ལས་ ཨོམ་ལི་ཊར་༡,༧༠༠ དེ་ཅིག་ བཀྲམ་སྤེལ་འབད་ཚུགས་ནི་བཟུམ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *