སྐྱེངས་མཁར་སློབ་གྲྭ་ཆུང་བའི་ སློབ་རིམ་༦ པའི་སློབ་ཕྲུག་ བུམོ་གིས་ མོ་རའི་ཨའི་ལུ་ ཆ་རོགས་འབདཝ་དང་འབྲེལ་ ཕགཔ་ལུ་ལྟོ་བྱིན་པའི་བསྒང་།

སྐྱེངས་མཁར་རྒེད་འོག་ནང་ བྱ་གསོ་སྐྱོང་ཁང་གི་ ཚོང་འབྲེལ་ལེགས་ཤོམ་འགྱོ་དོ་ཡོདཔ།

༉ ད་རེས་ནངས་པར་ ཨར་བཙོང་གཡུས་ཚན་ནང་ སྐྱེས་ལོ་༣༧ ལང་མི་ འཇིགས་མེད་ཆོས་སྒྲོན་དེ་ ལཱ་བཙར་མ་ཚུགས་པར་ འདུ་འཛི་ཅན་སྦེ་ སྡོད་སར་མཐོང་གསལ་བྱུངམ་མས།
དེ་ཡང་ ཨ་ལོ་༤ གི་ཨའི་ འཇིགས་མེད་ཆོས་སྒྲོན་གྱིས་ དྲོ་པ་ཆུ་ཚོད་༤ དེ་ཅིག་ནང་ ལོང་ཞིནམ་ལས་ སློབ་གྲྭ་ནང་འགྱོ་མི་ ཨ་ལོ་༢ དང་ བཟའ་ཚང་གི་ བཞེས་སྒོ་འབད་བའི་ཤུལ་ལུ་ ཆུ་ཚོད་༦ ལངམ་ད་ ཕག་ལྟོ་དང་ བྱམོ་ཚུ་ལུ་ གཟནམ་བྱིནམ་ཨིན་པས།
མོ་གིས་ བྱ་གསོ་སྐྱོང་ཁང་འགོ་བཙུགས་ཏེ་ ཟླཝ་༣ ལངམ་ཅིག་ཨིན་རུང་ རྒེད་འོག་སྒོ་ནོར་ཡིག་ཚང་ལས་ བྱམོ་༢༥ བྱིན་མི་དེ་གིས་ སྒོང་རྡོག་བུད་དོ་ཡོདཔ་ལས་ འོང་འབབ་བཟོ་ནི་ འགོ་བཙུགས་ནུག།
ད་རེས་ནངས་པར་ འཇིགས་ཆོས་སྒྲོན་གྱིས་ ཟླ་རིམ་བཞིན་དུ་ སྒོང་རྡོག་༧༢༠ དེ་རེ་ ཐོན་སྐྱེད་འབད་མི་དེ་ སྐྱེངས་མཁར་སློབ་གྲྭ་ཆུང་བའི་ནང་ བཙོང་ཐོག་ལས་ དངུལ་ཀྲམ་༧,༢༠༠ རེ་ འོང་འབབ་བཟོཝ་ཨིན་པས།
མོ་གིས་ སླབ་མིའི་ནང་ བྱ་གསོ་སྐྱོང་འབད་ནི་དེ་ ལཱ་འཇམ་དོ་ཡོདཔ་མ་ཚད་ ཟད་འགྲོ་ཡང་ གཟནམ་གི་དོན་ལུ་ རྒྱལ་པོའི་ཞིང་དང་ མོང་སྒར་ཁྲོམ་ལས་ སྐྱེལ་འདྲེན་འབད་ནི་ རྐྱངམ་གཅིག་མ་གཏོགས་ གཏང་མི་དགོ་པས་ཟེར་ཨིནམ་ད་ མོ་གིས་ དངུལ་ཁང་ཚུ་ལས་ སྐྱིན་འགྲུན་ལེན་ཐོག་ལས་ བྱམོ་གི་གྱངས་ཁ་ ཡར་སེང་འབད་ནི་གི་ རེ་བ་ཡོད་ཟེར་ སླབ་ཨིན་པས།
འཇིགས་མེད་ཆོས་སྒྲོན་གྱི་ བྱ་གསོ་སྐྱོང་རྐྱངམ་གཅིག་གིས་མ་དོ་བར་ ནོར་དང་ ཕགཔ་གསོ་སྐྱོང་འབད་ཐོག་ལས་ བཟའ་ཚང་འཚོ་སྐྱོང་ལུ་ ལྷན་ཐབས་འབདཝ་མས།
དེ་ཡང་ བཟའ་ཚང་གིས་ སྒོ་ནོར་གྱི་ཐོན་སྐྱེད་ ཨོམ་བཙོང་ཐོག་ལས་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠,༥༠༠ དེ་རེ་ འབབ་ཁུངས་བཟོ་དོ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༡༧ ལས་ རྒེད་འོག་སྒོ་ནོར་ཡིག་ཚང་གིས་ ཕག་རིགས་གསརཔ་གསོ་དགོ་པའི་ ལམ་སྟོན་འབད་མི་དང་འཁྲིལ་ འཇིགས་མེད་ཆོས་སྒྲོན་གྱིས་ ཕགཔ་༢ གསོ་ནི་འགོ་བཙུགས་ཏེ་ ཟླཝ་༧ དེ་ཅིག་ལང་ཡོདཔ་ད་ མོ་གིས་ ཕགཔ་གསོ་ནི་དེ་ བྱ་གསོ་སྐྱོང་དང་ཕྱདཔ་ད་ ཟད་འགྲོ་ལྕི་བས་ཟེར་ བཤད་མི་དེ་ཡང་ ཕག་ལྟོ་དེ་ མོ་རའི་ ཞིང་ལས་ཐོན་སྐྱེད་འབད་མི་ གེ་ཟ་གིས་ ལང་མ་ཚུགས་མི་ལུ་བརྟེན་ གཞན་ལས་ཉོ་དགོ་པའི་ཁར་ ཚལ་མ་ནང་ལས་ ངང་ལ་ཤིང་དང་ ཟ་བཏུབ་པའི་རིགས་ཚུ་ འབག་སྟེ་བྱིན་དགོ་པས་ཟེར་ཨིན་པས།
བྱ་གསོ་སྐྱོང་ཁང་ལས་འབད་བ་ཅིན་ བྱམོ་ཚུ་གིས་ ཉིན་བསྟར་བཞིན་དུ་ སྒོང་རྡོག་བུད་མི་དེ་གིས་ འོང་འབབ་ལུ་ ལྷན་ཐབས་བྱུངམ་ཨིན་རུང་ ཕགཔ་དེ་ ལོ་ལྷགཔ་སྦེ་ གསོ་སྐྱོང་འབད་བའི་མཐའ་མར་ ཕགཔ་རེ་གིས་ འོང་འབབ་དངུལ་ཀྲམ་༢༢,༠༠༠ དེ་ཅིག་ལས་བརྒལ་ འཐོབ་ནི་མེདཔ་ལས་ ཟད་འགྲོ་ཐེབས་གནས་དོ་བཟུམ་ མཐོངམ་མས་ཟེར་ ད་ལྟོ་ ཕགཔ་༢ གསོ་སྐྱོང་འབད་མི་ འཇིགས་མེད་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
མ་གཞི་ འཇིགས་མེད་ཆོས་སྒྲོན་དང་ བཟའ་ཚང་གིས་ འདས་པའི་ལོ་ཚུ་ནང་ གཡུས་ཕག་གསོ་སྐྱོང་འབད་དེ་ ཕག་སོན་ཚུ་ སྤྲོ་ཡོད་མི་ སོ་ནམ་པ་ཚུ་ལུ་ བཀྲམ་སྤེལ་འབད་བའི་ཁར་ ཕག་ཤ་བཙོང་སྟེ་ ཁྱིམ་ཐོག་༢ འབད་མི་ཅིག་ རྐྱབ་ཚུགས་ཡོདཔ་ཨིན་པས།
རྒེད་འོག་སྒོ་ནོར་འགོ་དཔོན་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ རྒེད་འོག་ནང་ ཕགཔ་གསོ་སྐྱོང་གི་དོན་ལུ་ སྤྲོ་བ་བསྐྱེད་མི་ཡོད་རུང་ མི་སྡེའི་མནོ་ལུགས་ལུ་བརྟེན་ གཡང་ཟ་སྟེ་ ཕག་སོན་ལེན་མི་ མི་འཐོན་པས་ཟེར་ཨིནམ་ད་ ད་ལྟོ་ ཕགཔ་གསོ་སྐྱོང་འབད་མི་ ཁྱིམ་གུང་པ་༩ རྐྱངམ་གཅིག་ཡོདཔ་ཨིན་པས།
དེ་འབདཝ་ད་ རྒེད་འོག་དེ་ནང་ བྱ་གསོ་སྐྱོང་ཁང་༥༢ ཡོདཔ་མ་ཚད་ སྒོང་རྡོག་ཚུ་ཡང་ ཁོང་གི་གཡུས་ཚན་ནང་ར་ བཙོངམ་ཨིན་པས།
ལོ་༥ འི་ཧེ་མར་ བྱ་གསོ་སྐྱོང་གཞི་བཙུགས་འབད་མི་ ཡུ་ད་རི་སྤྱི་འོག་ལས་ ཆོས་ཉིད་རྡོ་རྗེ་གིས་ སླབ་མིའི་ནང་ སྒོང་རྡོག་ཚུ་ ལམ་ཐག་རིང་སར་ སྐྱེལ་འདྲེན་འབད་མ་དགོ་པར་ གཡུས་ཚན་ནང་འཁོད་ནང་ར་ ལང་མི་ཚུགས་པས་ཟེར་ཨིནམ་ད་ ཁོ་གིས་ཡང་ འཇིགས་མེད་ཆོས་སྒྲོན་བཟུམ་སྦེ་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་ཏེ་ བྱ་གསོ་ཁང་རྒྱ་སྐྱེད་འབད་ནི་གི་ འཆར་གཞི་འདུག།
རྒེད་འོག་སྒོ་ནོར་ལས་རོགས་འགོ་དཔོན་ ཡེ་ཤེས་ཆོས་སྒྲོན་གྱིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཡུ་ད་རི་སྤྱི་འོག་དང་ མུ་རུང་སྤྱི་འོག་ དེ་ལས་ ན་ན་རི་སྤྱི་འོག་༣ ལས་ བྱ་གསོ་སྐྱོང་འབད་མི་ སྡེ་ཚན་༣ ཡོད་པའི་ཁར་ དེ་ནང་ འཐུས་མི་༡༦ ཡོད་ཟེར་ཨིན་པས།
ན་ན་རི་སྤྱི་འོག་གི་ བྱ་གསོ་སྐྱོང་སྡེ་ཚན་གསརཔ་ བཟོ་མི་དེ་ནང་ འཐུས་མི་༥ ཡོདཔ་ལས་ ཁོང་ལུ་ བྱམོ་༥༤ བྱིན་ཡོདཔ་མ་ཚད་ མུ་རུང་སྤྱི་འོག་གི་སྡེ་ཚན་ནང་ འཐུས་མི་༦ གི་དོན་ལུ་ བྱམོ་༦༡ གོ་བཀྲམ་འབད་དེ་ཡོད་ཟེར་ མོ་གིས་ བཤདཔ་ཨིན་པས།
སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ དབུལ་ཕོངས་ཀྱི་ དཀའ་ངལ་་ཡོད་མི་ གུང་པ་༢༥ ལུ་ བྱམོ་༢༥ རེ་ གཞུང་གིས་ རིན་མེད་སྟོང་པར་ བགོ་བཀྲམ་འབད་ཡོདཔ་མ་ཚད་ བྱམོ་ཚུ་ལུ་ གཟནམ་དང་ ཆུ་བྱིན་ནིའི་དོན་ལུ་ ཅ་ཆས་ཚུ་ཡང་ བྱིན་ཡི་ཟེར་ཨིན་པས།
ད་རེས་ནངས་པར་ ཁྱིམ་གུང་༥༤ ལུ་ བྱམོ་༦༣༦ བགོ་བཀྲམ་འབད་མི་ཚུ་གིས་ ཟླ་རིམ་བཞིན་དུ་ སྒོང་རྡོག་༩,༣༣༠རེ་ ཐོན་སྐྱེད་འབད་མི་ཚུ་ རྒེད་འོག་ནང་འཁོད་ཀྱི་ སློབ་གྲྭ་དང་ སྨན་ཁང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཡིག་ཚང་ རྒེད་འོག་བདག་སྐྱོང་ དེ་ལས་ མི་སེར་ཚུ་ལུ་ བཙོང་ཐོག་ལས་ འོང་འབབ་དངུལ་ཀྲམ་༩༣,༣༠༠ རེ་ བཟོ་དོ་ཡོདཔ་ཨིན་པས།
དེ་ལས་ འཇིགས་མེད་ཆོས་སྒྲོན་གྱི་རྨགཔ་དེ་ ཁོང་གི་ ཁྱིམ་སྦོ་ལོགས་ཁར་ ལོ་ཐོག་གེ་ཟའི་ཞིང་བསྲུང་པར་ ནུབ་མོའི་ཆུ་ཚོད་༨ ལུ་ འགྱོ་ཞིནམ་ལས་ དྲོ་པར་ཆུ་ཚོད་༥ དེ་ཅིག་ནང་ ལོག་ཁྱིམ་ནང་ འོང་པའི་ཤུལ་ལུ་ གནས་ཚང་ལུ་ བྱ་དང་ ཕགཔ་ སྒོ་ནོར་གསོ་སྐྱོང་གི་ ལཱ་ཚུ་ནང་ ཆ་རོགས་འབདཝ་མ་ཚད་ བུམོ་གིས་ཡང་ གནམ་བྱཱར་གྱི་ ངལ་གསོ་སྐབས་ ཨའི་ལུ་ ཆ་རོགས་འབདཝ་ཨིན་པའི་གནས་ཚུལ།

ཨར་བཙོང་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *