སྐྱིན་འགྲུལ་ལེན་མི་དང་ བྱིན་མི་༢ ཆ་ར་གིས་ འགན་ཁུར་དང་ འགན་འཁྲི་འབག་དགོཔ།

༉ སྤྱི་ཟླ་༡༡ པའི་ཚེས་༡༨ ལུ་ རྒྱལ་ཡོངས་ཚོགས་འདུའི་ཚོགས་ཞུགས་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་མིའི་ནང་ སྐྱིན་འགྲུལ་བྱིན་མི་དངུལ་ཁང་དང་ སྐྱིན་འགྲུལ་ལེན་མི་༢ ཆ་ར་གིས་ དཀའ་ངལ་མི་འཐོན་ནིའི་དོན་ལུ་ རང་སོའི་འགན་འཁྲི་དང་ འགན་ཁུར་འབག་སྟེ་ ཕྱག་ཞུ་བ་ཅིན་ དཀའ་ངལ་མི་འཐོན་ཟེར་ཨིན་པས།
དེ་ཡང་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་འཐུས་མི་ ལུང་བསྟན་རྣམ་རྒྱལ་གྱིས་ དྲི་བ་ཞུ་བའི་ལན་ལུ་ དངུལ་རྩིས་བློན་པོ་གིས་ དོགས་སེལ་སྦེ་ ལན་ཞུ་ཡི།
འཐུས་མི་ལུང་བསྟན་རྣམ་རྒྱལ་གྱིས་ ཞུ་མིའི་ནང་ ད་རེས་ནངས་པར་ མི་སྡེའི་ནང་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་དཀའ་ངལ་དེ་ སྦོམ་སྦེ་ར་བྱུང་དོ་ཡོདཔ་ད་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ མི་ངོམ་ཚུ་འབད་བ་ཅིན་ དཀའ་ངལ་དེ་བ་ལྷག་སྟེ་མེདཔ་བཞིན་དུ་ དཀའ་ངལ་དེ་ལུ་བརྟེན་ ངེས་ཏིག་སྐྱིན་འགྲུལ་འཐོབ་དགོ་མི་ཚུ་ཡང་ འཐོབ་མ་ཚུགས་པའི་ དཀའ་ངལ་ཐོན་ཏེ་འདུག་ཟེར་ཨིན་པས།
དཀའ་ངལ་དེ་ལུ་བརྟེན་ མི་སྡེ་གོང་འཕེལ་གཏང་ནི་ལུ་ འབྱེམ་ག་དེ་སྦེ་ཕོག་ཡོདཔ་ཨིན་ན་དང་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་གནད་དོན་དང་ རྒྱུ་རྐྱེན་ཚུ་ ག་ཅི་ལས་བརྟེན་ཏེ་ཨིན་ན་དང་ ཡང་ཅིན་ སྐྱེད་མཐོ་ནི་དེ་གིས་ཨིན་ན་ ཡང་ཅིན་ སྐྱིན་འགྲུལ་བྱིན་པའི་སྐབས་ སྐྱིན་འགྲུལ་ལོག་བཏབ་ཚུགསཔ་དང་ མ་ཚུགསཔ་ཚུ་ དབྱེ་ཞིབ་མ་འབདཝ་ཨིན་ན་ དེ་གི་གནས་སྟངས་སྐོར་ལས་ ལན་གནང་དགོཔ་སྦེ་ཞུ་ཡི།
ད་ལྟོ་ཚུན་ སྐྱིན་འགྲུལ་བཏབ་མ་ཚུགས་པར་ལུས་མི་ཚུ་ག་ར་ ད་ལྟོའི་ གཞུང་གི་གནས་ཡུན་སྐབས་ དངུལ་ཁང་ག་ཟེར་མིའི་ནང་ སྐྱིན་ཚབ་བཏབ་མ་ཚུགས་པར་ལུས་ཡོདཔ་ཨིན་ན་དང་ སྐྱིན་འགྲུལ་མངམ་བྱིན་ཡོདཔ་ཨིན་ན་ དངུལ་རྩིས་ལྷན་ཁག་གིས་ དཀའ་ངལ་སེལ་ཐབས་ཀྱི་ ཕྱག་ལཱ་ཚུ་ ག་དེ་སྦེ་གནང་དོ་ག་ཟེར་ འཐུས་མི་གིས་ དྲི་བ་ཞུ་ཡི།
དེ་ལུ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ཞུ་མིའི་ནང་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ཁྱད་པར་དེ་ སྐྱིན་འགྲུལ་ཞུ་མི་ཚུ་གིས་འབད་རུང་ ལེགས་ཤོམ་ཅིག་སྦེ་ ཞིབ་འཚོལ་མ་འབད་མི་དང་ སྐྱིན་འགྲུལ་ཞུ་བའི་ཤུལ་ལས་ ཚོང་ལམ་ག་དེ་སྦེ་འགྱོ་འོང་ག་ སྐྱིན་འགྲུལ་གྱི་སྐྱེད་བརྒྱ་ཆ་ ག་དེམ་ཅིག་སྦེ་ ལེན་ཡོདཔ་ཨིན་ན་ སྐྱིན་འགྲུལ་དང་སྐྱེད་བསྡོམས་ཏེ་ ག་དེམ་ཅིག་ ལོག་བཏབ་དགོཔ་ཨིན་ན་ཚུ་ ཧེ་མ་ལས་ ཤེས་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་བཟུམ་སྦེ་ ཟླ་རིམ་བཞིན་དུ་ དངུལ་ཁང་ལུ་ དངུལ་ག་དེ་རེ་ བཏབ་དགོཔ་ཨིན་ན་ དེ་ལས་ ཚོང་ལཱ་ལུ་བརྟེན་ འོང་འབབ་ག་དེམ་ཅིག་བཟོ་ཚུགས་གའི་སྐོར་ རྩིས་ཁྲ་ཚུ་ ཧེ་མ་ལས་བཏོན་དགོཔ་ཨིན་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ ཞིབ་འཚོལ་དང་ རྩིས་ཁྲ་ཚུ་ ལེགས་ཤོམ་མ་བཏོན་པའི་ ཚོར་སྣང་བྱུང་ཡོདཔ་སྦེ་ བློན་པོ་གིས་ཞུ་ཡི།
དེ་བཟུམ་སྦེ་ དངུལ་ཁང་ཚུ་གིས་འབད་རུང་ སྐྱིན་འགྲུལ་ལེན་མི་དེ་ལུ་ སྐྱིན་འགྲུལ་དེ་ ག་ཅི་གི་དོན་ལུ་ ལེན་ཡོདཔ་ཨིན་ན་དང་ སྐྱིན་འགྲུལ་དེ་གིས་ ག་དེ་སྦེ་ ཕན་རླབས་འབྱུང་ནི་ཨིན་ན་མེན་ན་དང་ ལོག་སྐྱིན་ཚབ་བཏབ་ཚུགས་མ་ཚུགས་ བལྟ་ནིའི་སྤྲོ་བ་ཞེན་སུ་ཅིག་སྦེ་ མཇལ་ཡི་ཟེར་ཞུ་ཡི།
དངུལ་ཁང་གི་ཁ་ཐུག་ལས་འབད་བ་ཅིན་ སྐྱིན་འགྲུལ་ཞུ་བར་འོང་བའི་ ནམ་དུས་ལུ་ གཏའ་མ་ག་ཅི་བཙུགས་ཡོདཔ་ཨིན་ན་དང་ གལ་སྲིད་ གཏའ་མ་ཡོད་པ་ཅིན་ སྐྱིན་འགྲུལ་ཞུ་མི་དེ་ ག་ཅི་ནང་བཙུགས་རུང་ ཚོང་ལམ་ཡོད་རུང་མེད་རུང་ ལྟ་རྟོག་ཉུང་སུ་ཅིག་དང་ གཏའ་མ་ལུ་ བློ་གཏད་མི་ལུ་བརྟེན་ ད་ལྟོ་འབྱེམ་ཕོགཔ་མེན་ན་ཟེར་ བློན་པོ་གིས་ཞུ་ཡི།
སྤྱི་ལོ་༢༠༡༩ དང་༢༠༢༠ དེ་ལས་ སྤྱི་ལོ་༢༠༢༡ ལུ་ ཁྱིམ་དང་ས་ བདོག་གཏད་ཉོ་ནིའི་ནང་ སྐྱིན་འགྲུལ་ཞུ་ཡོདཔ་ད་ མ་གཞི་སྐྱིན་འགྲུལ་དེ་ ཚོང་གི་དོན་ལུ་ལེན་རུང་ ག་ར་ བདོག་གཏད་བསྒྲུབ་ནིའི་ནང་ བཏང་ཡོདཔ་ལས་ ལོག་སྐྱིན་ཚབ་ བཏབ་མ་ཚུགས་པའི་ འབྱེམ་ཕོག་ནུག་ཟེར་ཨིན་པས།
ལ་ལོ་ཅིག་གིས་ སྐྱིན་འགྲུལ་ལེན་མི་དེ་ ལོ་ཚད་ཉུང་སུ་ཅིག་དང་ སྐྱེད་མང་སུ་ཅིག་སྦེ་ལེན་མི་ལུ་ འོང་འབབ་དེ་གིས་སྦེ་ ཟླ་རིམ་བཞིན་དུ་ སྐྱིན་ཚབ་དང་སྐྱེད་བཏབ་ནི་ལུ་ ལང་མ་ཚུགས་པའི་ དཀའ་ངལ་ཐོན་ནུག་ཟེར་ཨིན་པས།
བློན་པོ་གིས་ ཐད་ཀར་དུ་ དངུལ་རྩིས་ལྷན་ཁག་གིས་ གྲོས་འབུལ་དང་ གྲོས་འཆར་ཕུལ་ནི་མ་གཏོགས་ ཚད་གཞི་ཕབ་དགོ་པའི་ དབང་ཚད་ཡོདཔ་བཟུམ་ཅིག་སྦེ་ མི་མཇལ་བས་ཟེར་ ཞུ་བའི་ཁར་ སྐྱིན་འགྲུལ་དང་འབྲེལ་བའི་ གསུང་གྲོས་དང་ དངུལ་འབྲེལ་དང་འབྲེལ་བའི་སྲིད་བྱུས་དང་ ཐབས་ལམ་ དེ་ལས་ རིམ་ལུགས་བཟོ་ནིའི་དབང་ཚད་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་ཡོངས་དངུལ་ལས་དབང་འཛིན་ལུ་ དེ་གི་འགན་འཁྲི་དང་ འགན་ཁུར་སྤྲོད་མི་དེ་ ཚོགས་ཁང་ཆེན་མོའི་ནང་ལས་ར་ རྒྱལ་ཡོངས་དངུལ་ལས་དབང་འཛིན་གྱི་བཅའ་ཁྲིམས་༢༠༡༠ ཅན་མ་དང་འཁྲིལ་ སྤྲོད་ནུག་ཟེར་ཨིན་པས།
ད་ལས་ཕར་ གཞུང་གིས་འབད་ཐབས་ག་ཅི་འདུག་ཟེར་ བློན་པོ་གིས་ ཞུ་མིའི་ནང་ དངུལ་འབྲེལ་ཐབས་ལམ་ནང་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་དེ་ ཟླ་རིམ་གྱི་འོང་འབབ་དེ་གིས་ བདའ་མ་བཟུན་མི་དེ་ཨིནམ་ལས་ སྔོན་མ་ལོ་༢༠ ནང་ ལོག་བཏབ་དགོ་མི་དེ་ ལོ་༡༠ ནང་ བཟོ་བཞགཔ་འདྲཝ་ཅིག་འབད་བ་ཅིན་ སྐྱིན་འགྲུལ་ལོག་བཏབ་ནི་དང་ སྐྱིན་འགྲུལ་ཞུ་མི་༢ ཆ་ར་ལུ་ ཁེ་ཕན་སྤྱོད་ཚུགས་ཟེར་ཨིན་པས།
སྐྱིན་འགྲུལ་བཏབ་མ་ཚུགས་པའི་དཀའ་ངལ་དེ་ ད་ལྟོ་ཐོནམ་མེན་པར་ སྤྱི་ལོ་༢༠༡༨ ལུ་ གཞུང་གིས་ རྩིས་ལེན་པའི་སྐབས་ སྐྱིན་འགྲུལ་བཏང་མི་ བསྡོམས་དངུལ་ཀྲམ་ཐེར་འབུམ་༡༤༥ ཡོད་མིའི་ནང་ལས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་མི་དེ་ དངུལ་ཀྲམ་ཐེར་འབུམ་༢༦ སྡོད་ནུག་ཟེར་ བློན་པོ་གིས་ཞུ་ཡི།
སྐྱིན་འགྲུལ་བཏང་མི་ དངུལ་ཀྲམ་ཐེར་འབུམ་༡༤༥ དེ་ བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༤༦ དང་ ད་ལྟོའི་གནས་ཚད་ནང་ ཤོ་མཚུངས་འབད་བ་ཅིན་ བརྒྱ་ཆ་༡༤ འོག་རྒྱུའི་ནང་ ལྷོད་དེ་ཡོདཔ་སྦེ་ བློན་པོ་གིས་ཞུ་བའི་ཁར་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་ལོག་བཏབ་མ་ཚུགས་པའི་གནས་ཚད་དེ་ བརྒྱ་ཆ་༥ འི་འོག་རྒྱུ་བཞག་དགོཔ་སྦེ་ བཟོ་སྟེ་ཡོད་ཟེར་ཨིན་པས།
དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་བྱིན་པའི་སྐབས་ སྐྱིན་འགྲུལ་ཞུ་མི་ཚུ་གི་སྐོར་ལས་ ལེགས་ཤོམ་སྦེ་ ལྟ་རྟོག་འབད་དགོ་པའི་ཁར་ སྐྱིན་འགྲུལ་ཞུ་མི་ཚུ་གིས་འབད་རུང་ དགོས་མཁོ་དང་འཁྲིལ་དགོཔ་ལས་ རང་སོའི་འགན་ཁུར་དང་ འགན་འཁྲི་ཚུ་ འབག་དགོ་པའི་ཁར་ དངུལ་ཁང་གིས་ ལེགས་ཤོམ་སྦེ་ ལྟ་རྟོག་དང་ཞིབ་དཔྱད་འབད་དགོཔ་ ཁག་ཆེ་ཟེར་ བློན་པོ་གིས་ དྲན་གསོ་ཞུ་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *