སྐྱིན་འགྲུལ་བཏབ་མ་ཚུགས་མི་ཚུ་གི་དོན་ལུ་ ཐབས་ལམ་སྒྲིག་གཞི་བཟོ་ཡོདཔ།

༉ སྐྱིན་འགྲུལ་ལེན་མི་དང་ སྤྲོད་མི་གཙུག་སྡེ་གཉིས་ཆ་རའི་ དཀའ་ངལ་སེལ་ཐབས་དོན་ལུ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ ཆེ་མཐོ་གནས་རིམ་ཚོགས་ཆུང་ བཟོ་མི་དེ་གིས་ ཐབས་ལམ་སྒྲིག་གཞི་ཅིག་ བཟོ་ཡོདཔ་ཨིན་པས།

དངུལ་ཁང་ལྟེ་བ་ལས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ ཐབས་ལམ་སྒྲིག་གཞི་གིས་ དུས་ཚོད་ཁར་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་གནད་དོན་དེ་ གནས་སྐབས་ཅིག་གི་དོན་ལས་ ལོ་གསུམ་གྱི་རིང་ སྐྱེད་སྤྲོད་མ་དགོཔ་སྦེ་ བཞག་ནི་ཟེར་ཨིན་པས།

ཐབས་ལམ་དེ་གིས་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྟབས་བདེ་སྡུག་བཟོ་ཚུགས་པའི་ཁར་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ རྩིས་དེབ་ནང་ཡང་ བདེ་སྒྲིག་འབད་ཚུགས་ནི་ཨིན་པས།

ཐབས་ལམ་སྒྲིག་གཞི་དང་འཁྲིལཝ་ད་ ཚོང་འབྲེལ་ལེགས་ཤོམ་འགྱོ་ཚུགས་པའི་ འོས་འབབ་ཡོད་མིའི་ནང་ སྐྱིན་འགྲུལ་བྱིན་ཡོད་མི་ཚུ་ལུ་ གནས་སྐབས་ཅིག་ རྒུད་ཕོག་སྟེ་ཡོད་མི་ཚུ་ ལོག་སྟེ་ལེགས་བཅོས་ཚུ་འབད་ནི་ཨིནམ་ད་ དངུལ་འབྲེལ་གཙུག་སྡེ་དང་ སྐྱིན་འགྲུལ་ལེན་མི་གཉིས་ཀྱིས་ མཉམ་འབྲེལ་ཐོག་ལས་ ཚོང་འབྲེལ་དེ་ ལོག་སྟེ་ལེགས་བཅོས་འབད་ནིའི་དོན་ལུ་ ཐབས་ལམ་ཚུ་ བལྟ་ནི་ཨིན་པས།

ཐབས་ཤེས་དེ་ཡང་ གཙོ་བོ་ར་ དཔལ་འབྱོར་གྱི་དོན་ལུ་ སྐྱིན་འགྲུལ་ཚུ་ འཕྲོ་མཐུད་འཐོབ་ཚུགསཔ་སྦེ་ བཞག་ཐབས་ལུ་ ཨིན་པས།

ཆེ་མཐོ་གནས་རིམ་ཚོགས་ཆུང་གི་ཁྲི་འཛིན་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ དུས་ཚོད་ཁར་ སྐྱིན་འགྲུལ་མ་བཏབ་མི་ རྩིས་ཁྲ་དེ་ སྒོ་བསྡམ་པའི་ཤུལ་ལས་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིན་འགྲུལ་ཚུ་ འཐོབ་སྟེ་ར་ སྡོད་འོང་ཟེར་ཨིན་པས།

ང་བཅས་ཀྱིས་ གོ་རིམ་དང་པའི་ ཞལ་འཛོམས་མཇུག་བསྡུ་ཡོདཔ་ལས་ དཀའ་ངལ་སེལ་ཐབས་འབད་འོང་ཟེར་ བློན་པོ་གིས་བཤད་ཅི།

ཚོགས་ཆུང་གི་ གོ་རིམ་དང་པའི་ ཞལ་འཛོམས་སྐབས་ སྐྱིན་འགྲུལ་མ་བཏབ་མི་ དངུལ་ཀྲམ་ཐེར་འབུམ་༡.༨ གནས་པའི་ རྩིས་ཁྲ་༨༣༨ ལུ་ བསྐྱར་ཞིབ་འབད་ཡོདཔ་ཨིན་པས།

ཚོགས་ཆུང་ནང་ དངུལ་རྩིས་བློན་པོ་བརྩིས་ཏེ་ དངུལ་ཁང་ལྟེ་བའི་སྤྱི་འཛིན་དང་ དངུལ་འབྲེལ་གཙུག་སྡེ་ཚུ་གི་ འགོ་འཛིན་ཚུ་ ཡོདཔ་ཨིན་པས།

རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ སྤྱི་ལོ་༢༠༢༡ ལོའི་ སྤྱི་ཟླ་༢ པའི་ ཟླ་རིམ་གནས་སྡུད་ གསལ་སྟོན་དང་འཁྲིལཝ་ད་ ན་ཧིང་སྤྱི་ཟླ་༩ པའི་ནང་ སྐྱིན་འགྲུལ་དང་སྐྱིན་འགྲུལ་མ་བཏབ་མིའི་ དཔྱ་སྙོམས་དེ་ བརྒྱ་ཆ་༡༥.༥ ལུ་ གནས་ཡོདཔ་ཨིན་པས།

གནད་དོན་དེ་གི་གནས་སྟངས་དེ་ ནད་ཡམས་ཐོན་པའི་ཤུལ་ལས་ ཧེང་སྐལ་ར་ སྐྱོ་དྲགས་ཐལ་ནུག་ཟེར་ གནས་ཚུལ་གསར་ བཏོན་ནང་བཀོད་ནུག།

ནད་ཡམས་ཀྱིས་ ཚོང་འབྲེལ་ནང་ ཤུགས་བཏོན་མི་ ངོ་རྐྱང་ཚུ་ལུ་ ཐོ་སྦོམ་ཕོག་ནུག་ཟེར་ཨིནམ་ད་ ཆ་ཤས་ཅིག་ གནོད་པ་བྱུང་མི་དང་ ལཱ་གཡོག་བྱང་མི་ དེ་ལས་ འོང་འབབ་ལུ་ ཐོ་ཕོག་མི་དེ་གིས་ སྐྱིན་འགྲུལ་བཏབ་ནི་ལུ་ འབྱེམ་ཕོག་ནུག་ཟེར་ཨིན་པས།

གཞུང་འབྲེལ་རྩིས་ཁྲ་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ཟླ་༦ པའི་ནང་ སྐྱིན་འགྲུལ་མ་བཏབ་མི་ དངུལ་ཀྲམ་ཐེར་འབུམ་༢༡.༤ ཡོད་མི་ལས་ ན་ཧིང་ སྤྱི་ཟླ་༦ པའི་ནང་ དངུལ་ཀྲམ་ཐེར་འབུབ་༢༦.༥ ལུ་ ཡར་སེང་སོང་ཡོདཔ་ཨིནམ་ད་ བཏབ་མ་ཚུགས་མི་ཚུ་ མང་ཤོས་ར་ ཞབས་ཏོག་དང་ཚོང་འབྲེལ་ ཁྱིམ་བཟོ་ དེ་ལས་ བཟོ་སྐྲུན་ལས་ཁུངས་ཚུ་ནང་ ཡོདཔ་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་མཚམས་འཇོག།

༉ འབྲུག་གོང་འཕེལ་དངུལ་ཁང་དང་ འབྲུག་རྒྱལ་ཉེན་སྲུང་ལས་འཛིན་ དེ་ལས་ རྒྱལ་ཡོངས་སི་ཨེསི་ཨའི་གོང་འཕེལ་དངུལ་ཁང་ནང་ སྐྱིན་ཚབ་བཏབ་མ་ཚུགས་མི་ མཐོ་དྲགས་ཡོད་མི་ལུ་བརྟེན་ དངུལ་འབྲེལ་ལས་ཁང་༣ གྱིས་ གནས་སྐབས་ཅིག་ སྐྱིན་འགྲུལ་འཛིན་གྲོལ་འབད་ནི་ མཚམས་འཇོག་འབད་ནུག། དེ་ཡང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ བཀའ་རྒྱ་དང་འཁྲིལ་ཏེ་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *