སྐྱིད་སྡུག་ཞུ་མི་ཚུ་ལུ་ དྲང་སྤྱོད་ཀྱི་ འགན་ཁུར་འབག་དགོ་པའི་དྲན་བསྐུལ།

༉ ནད་ཡམས་ཀོ་བིཌ་-༡༩ དང་ ལུང་ཕྱོགས་དང་ འཛམ་གླིང་རྒྱལ་ཁབ་ཚུ་ནང་ ངེས་མེད་ཀྱི་ གདོང་ལེན་བྱུང་མི་ཚུ་ལས་ འབྲུག་རྒྱལ་ཁབ་ལུ་ མི་སྡེ་དང་ དཔལ་འབྱོར་ལུ་ འབྱེམ་སྦོམ་སྦེ་ར་ ཕོག་ཡོད་མི་ལུ་བརྟེན་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ ཟླཝ་༡༥ གི་རིང་ འཕྲོ་མཐུད་གནང་ནི་ཨིནམ་ལས་ ད་རུང་ ངོ་རྐྱང་དང་ ཚོང་འབྲེལ་འཐབ་མི་ འབུམ་ཕྲག་སྦེ་ ཕན་ཐོགས་འབྱུང་ནི་ཨིན་པས།

དེ་ཡང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ འཕྲོ་མཐུད་གནང་དགོ་པའི་ བཀའ་རྒྱ་གནང་མི་དེ་ སྤྱི་ཟླ་༤ པའི་ཚེས་༢༢ ལུ་ བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སེམས་རྟོགས་ཁ་རྫོང་ནང་ལས་སྦེ་ རྒྱལ་ཡོངས་ལུ་ བཀའ་སྐྱོར་གནང་སྟེ་ དུས་ཡུན་ཆུ་ཚོད་༤༨ ཀྱི་ནང་འཁོད་ལུ་ར་ མི་༥,༠༠༠ དེ་ཅིག་གིས་ སྐྱིད་སྡུག་ཡིག་ཚང་ནང་ ཞུ་ཡིག་བཙུགས་ནུག།

ན་ཧིང་ འབྲུག་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོན་པའི་ཤུལ་ལུ་ མི་དབང་མངའ་ཞབས་མཆོག་གིས་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་ལུ་ ཐུགས་ཚ་གྱང་བཞེས་ཏེ་ སྤྱི་ལོ་༢༠༢༠ ཟླ་༤ པའི་ནང་ འོང་འབབ་རྒྱབ་སྐྱོར་དང་ སྐྱིན་འགྲུལ་གྱི་ སྐྱེད་སྤྲོད་ནིའི་ རྒྱབ་སྐྱོར་སྐྱིད་སྡུག་ཁག་༢ འབད་མི་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ གཞི་བཙུགས་གནང་མི་དེ་གིས་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ནང་ ངོ་རྐྱང་༥༢,༦༤༤ ལུ་ འཚོ་བ་སྐྱོང་ནི་དང་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མི་༡༣༩,༠༩༦ ལུ་ སྐྱེད་བཏབ་ནི་ལུ་ རྒྱབ་སྐྱོར་གནང་ཡོདཔ་ཨིན་པས།

འོང་འབབ་རྒྱབ་སྐྱོར་གྱི་སྐྱིད་སྡུག།

སྤྱི་ལོ་༢༠༢༠ ཟླ་༤ པ་ལས་ སྤྱི་ལོ་༢༠༢༡ ཟླ་༣ པ་ཚུན་ཚོད་ ངོ་རྐྱང་༥༢,༦༤༤ ལུ་ འཚོ་བ་སྐྱོང་ནིའི་དོན་ལུ་ རྒུད་གསོའི་སྐྱིད་སྡུག་ དངུལ་ཀྲམ་ཐེར་འབུམ་༢.༢༥ གནང་ཡོད་མི་ལས་ སྐྱིད་སྡུག་ཞུ་མི་བརྒྱ་ཆ་༤༠ གིས་ འགྱོ་ཐོག་གི་ ཟླཝ་ནང་ར་ ཞུ་ཡིག་བཙུགས་ནུག་ཟེར་ རྒུད་གསོའི་སྐྱིད་སྡུག་ཡིག་ཚང་གིས་ བསྡུ་སྒྲིག་འབད་མི་ སྙན་ཞུ་ནང་བཀོད་ནུག།

འདས་པའི་ལོ་༡ གི་རིང་ལུ་ འོང་འབབ་རྒྱབ་སྐྱོར་གྱི་སྐྱིད་སྡུག་བསྡོམས་ དངུལ་ཀྲམ་ཐེར་འབུམ་༢.༢༥ གནང་མིའིནང་ ཨ་ལོ་ལུ་ དངུལ་ཀྲམ་ས་ཡ་༧༠.༨༩ རྒྱབ་སྐྱོར་གྱི་ སྐྱིད་སྡུག་གནང་མི་དེ་ ཚུདཔ་ཨིན་པས།

རྒུད་གསོའི་སྐྱིད་སྡུག་དེ་ཡང་ གོ་རིམ་དང་འཁྲིལ་ གནང་ཡོདཔ་བཞིན་དུ་ དེ་བསྒང་ སྡེ་ཚན་ག་ར་ལས་ ངོ་རྐྱང་ཚུ་གིས་ གོ་རིམ་རེ་རེ་བཞིན་དུ་སྦེ་ སྐྱིད་སྡུག་གི་ ཞུ་ཡིག་བཙུགས་དགོཔ་ཨིན་པས།

དེ་འབདཝ་ལས་ གོ་རིམ་རེ་རེའི་ནང་ མི་བརྒྱ་ཆ་༧༥ ལྷགཔ་ཅིག་གིས་ གོ་རིམ་བཞིན་དུ་ ཞུ་ཡིག་བཙུགས་ཡོདཔ་ད་ གོ་རིམ་༣ པ་དེ་ ན་ཧིང་ སྤྱི་ཟླ་༡༠ པ་ལས་༡༢ པ་ཚུན་ཨིན་རུང་ རྒྱལ་ཡོངས་འགྲོ་འགྲུལ་བཀག་དམ་ཐེངས་༢ པའི་སྐབས་ སྐྱིད་སྡུག་ཞུ་མི་ཚུ་གིས་ ཞུ་ཡིག་ལོག་བཙུགས་མ་དགོ་པར་ དུས་ཅི་ སྤྱི་ཟླ་༣ པ་ཚུན་ དུས་ཡུན་ཡར་སེང་ཐོག་ སྐྱིད་སྡུག་གནང་ཡི་ཟེར་ སྙན་ཞུ་ནང་བཀོད་ནུག།

ཨ་ལོ་ལུ་ རྒུད་གསོའི་སྐྱིད་སྡུག་དེ་ ཞུ་ཡིག་བཙུགས་མི་༩,༦༡༤ ལུ་ གནང་ཡོདཔ་ལས་ ཨ་ལོ་༡༥,༤༦༤ ལུ་ ཕན་ཐོགས་བྱུང་ཡོདཔ་ད་ དེ་གི་གྲས་ལས་ ཕན་ཐོགས་བྱུང་མི་ བརྒྱ་ཆ་༥༣ དེ་ ཨ་ལོ་༡ ཡོད་མི་དང་ ཨ་ལོ་༢ ཡོད་མི་ལུ་ བརྒྱ་ཆ་༣༥.༢ ཨིན་པས།

ཟླ་རིམ་བཞིན་དུ་ ཨ་ལོ་༦,༠༠༠ དེ་རེ་ལུ་ སྐྱིད་སྡུག་གི་ཐོག་ལས་ རྒྱབ་སྐྱོར་གནང་ཡོདཔ་ད་ ངོ་རྐྱང་ཚུ་ལུ་འབད་བ་ཅིན་ དུས་ཅི་ སྤྱི་ཟླ་༣ ཚུན་ མི་རེ་གིས་ དངུལ་ཀྲམ་༡༠༠,༠༠༠ རེ་དང་ ཡང་ཅིན་ དེ་བ་མངམ་ཐོབ་ཡོདཔ་ད་ དེ་གི་གྲངས་སུ་ ཨ་ལོ་ཡོད་མི་ཚུ་ལུ་ ཨ་ལོའི་གསོ་འཐུས་ཡང་ རྩིས་རྐྱབ་སྟེ་ཡོདཔ་ཨིན་པས།

འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་གི་ འཐུས་མི་ཅིག་གིས་ སླབ་མིའི་ནང་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ནད་ཡམས་ལུ་བརྟེན་ མི་སེར་ཚུ་གི་ འཚོ་བའི་གནས་སྟངས་དང་ འཚོ་སྐྱོང་ལུ་ འབྱེམ་ཕོག་ནི་དང་ ལཱ་གཡོག་ཡོད་མི་ཚུ་ལུ་ ལཱ་གཡོག་བྱང་སྟེ་ དཀའ་སྡུག་ཐོག་ལུ་ སྡོད་དགོཔ་བྱུངམ་ད་ མི་སྡེའི་ནང་ སྟབས་མ་བདེཝ་དང་ གདོང་ལེན་ཚུ་ འབྱུང་ནི་ཡོད་མི་ལུ་གཟིགས་ཏེ་ སྐྱིད་སྡུག་ལས་རིམ་ གཞི་བཙུགས་གནང་ཡི་ཟེར་ཨིན་པས།

མི་དབང་མཆོག་གིས་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ལས་རིམ་དེ་ འགོ་བཙུགས་མ་གནང་པ་ཅིན་ ད་རེས་ ང་བཅས་རའི་མི་ཚུ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ བཀྲེས་སྐོམ་གྱི་ སྡུག་བསྔལ་ནང་ སྡོད་སྡོདཔ་འོང་ཟེར་ ཆེ་མཐོའི་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

དངུལ་སྐྱེད་སྤྲོད་ནིའི་རྒྱབ་སྐྱོར་སྐྱིད་སྡུག།

ནད་ཡམས་ཀྱི་ གདོང་ལེན་སྐབས་ ངོ་རྐྱང་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ སེམས་དཔའ་ཞུམ་མ་བཅུག་པར་ སེམས་ཤུགས་བསྐྱེད་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་དང་འཁྲིལ་ སྤྱི་ལོ་༢༠༢༠ ཟླ་༤ པའི་ནང་ར་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དང་གཅིག་ཁར་ རྒྱལ་ཡོངས་སེམས་ཤུགས་མ་དངུལ་དེ་ཡང་ གཞི་བཙུགས་གནང་ནུག།

ནད་ཡམས་ཀྱིས་ ཚོང་འབྲེལ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་མ་ཚད་ ངོ་རྐྱང་ལ་ལོ་ཅིག་ལུ་ ལཱ་གཡོག་བྱང་པའི་ཁར་ ལ་ལོ་ཅིག་ དངུལ་ཕོགས་ཕྱེད་ཀ་སྦེ་ ལེན་ཐོག་ལས་ ལཱ་འབད་དགོཔ་བྱུངམ་ལས་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མིའི་ སྐྱིན་ཚབ་སྤྲོད་མ་ཚུགས་པའི་ གདོང་ལེན་ཚུ་ བྱུང་ཡོདཔ་ཨིན་པས།

གནད་དོན་དེ་ཚུ་ལུ་བརྟེན་ ནད་ཡམས་ཀོ་བིཌ་-༡༩ འི་འབྱེམ་མར་ཕབ་དང་ དཀའ་སྡུག་ཚུ་ སེལ་ཐབས་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མི་ མི་ཆེ་འབྲིང་ཆུང་གསུམ་ག་རའི་དོན་ལུ་ སྐྱེད་ཡངས་ཆག་གནང་ཡོདཔ་ད་ སྐྱེད་ཡངས་ཆག་ཟེརཝ་ད་ སྐྱིན་འགྲུལ་ལེན་མི་ཚུ་གི་ དངུལ་སྐྱེད་དེ་ རྒྱལ་ཡོངས་སེམས་ཤུགས་མ་དངུལ་ལས་ བཏབ་གནངམ་ཨིན་པས།

སྐྱིན་ཚབ་སྤྲོད་རིམ་དང་འཁྲིལ་ བཏབ་མ་ཚུགས་པར་ལུས་མི་༡༧,༧༦༦ བརྩིས་ཏེ་ སྐྱིན་འགྲུལ་གྱི་ རྩིས་ཁྲ་འཆང་མི་༡༣༩,༠༩༦ ལུ་ སྐྱེད་རྒྱབ་སྐྱོར་གྱི་ སྐྱིད་སྡུག་ལས་ ཁེ་ཕན་སྦོམ་བྱུང་ཡོདཔ་ད་ ཁེ་ཕན་བྱུང་མི་ཚུ་གི་གྲངས་སུ་ ཟླ་རིམ་བཞིན་དུ་ དངུལ་ཕོགས་ཐོབ་མི་ ངོ་རྐྱང་༦༠,༠༠༢ དང་ ཚོང་འབྲེལ་འཐབ་མི་༧༩,༠༩༤ ཚུད་ནུག།

འདས་པའི་ཟླཝ་༡༢ ནང་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་ཡངས་ཆག་གི་ མཐུན་རྐྱེན་ཐོག་ལུ་ དངུལ་ཀྲམ་ཐེར་འབུམ་༡༡.༠༦ སྐྱིད་སྡུག་གནང་ཡོདཔ་ད་ མ་དངུལ་དེ་ནང་ལས་ དངུལ་ཕོགས་ཡོད་མི་ཚུ་གི་སྐྱེད་སྦེ་ དངུལ་ཀྲམ་ཐེར་འབུམ་༡.༡༥ དང་ ཚོང་ལས་འཐབ་མི་ཚུ་གི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༩.༩༡ སྐྱིད་སྡུག་མ་དངུལ་ནང་ལས་ བཏབ་ཡོདཔ་ཨིན་པས།

མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ འགོ་ཐོག་ཟླཝ་༦ ནང་ སྐྱེད་བརྒྱ་ཆ་༡༠༠ སྐྱིད་སྡུག་ཡིག་ཚང་ལས་ རྒྱབ་སྐྱོར་གནང་པའི་ཤུལ་ལས་ དངུལ་འབྲེལ་ཞབས་ཏོག་མཁོ་སྤྲོད་འབད་མི་ཚུ་གིས་ སྐྱེད་བརྒྱ་ཆ་༥༠ རྒྱབ་སྐྱོར་འབད་དེ་ཡོདཔ་ཨིན་པས།

ད་རེས་ནངས་པར་ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ཡིག་ཚང་གིས་ ད་ཚུན་གྱི་བར་ན་ སྐྱིད་སྡུག་ལས་རིམ་ལས་ ཚོང་སྡེ་དང་ ཚོང་འབྲེལ་ཁང་ ཡང་ཅིན་ ཟ་ཁང་དང་ ངོ་རྐྱང་ག་དང་ག་ལུ་ ཕན་ཐོགས་མངམ་བྱུང་ཡོདཔ་ཨིན་ན་ སྙན་ཞུ་བསྡུ་སྒྲིག་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ སྤྱི་ལོ་༢༠༢༠ ཟླ་༧ པ་ལས་༡༢ པ་ཚུན་ ཟླཝ་༦ གི་ནང་ ཐིམ་ཕུག་ལུ་ ཟ་ཁང་ཅིག་གིས་ སྐྱེད་ཡངས་ཆག་གི་ སྐྱིད་སྡུག་ལས་ དངུལ་ཀྲམ་ས་ཡ་༤༤ ལྷགཔ་ཅིག་ ཁེ་ཕན་ཐོབ་ནུག།

འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་དེ་ འཕྲོ་མཐུད་གནངམ་དང་འབྲེལ་ མི་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ མངའ་བདག་རྒྱལ་པོའི་བང་མཛོད་ལུ་ འབྱེམ་བཀལ་ཉེན་ཡོད་པའི་ ཚ་གྱང་བཤད་ནི་ འགོ་བཙུགས་ཡོདཔ་ད་ དཔེར་ན་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ལུ་ ཐོ་མ་ཕོག་རུང་ དངུལ་འབྲེལ་ལས་ཁང་ཚུ་ལས་ སྣུམ་འཁོར་དང་ ཤེས་ཡོན་སྐྱིན་འགྲུལ་ སྒེར་དོན་ལ་སོགས་པའི་ སྐྱིན་འགྲུལ་ལེན་མི་ཚུ་ ལོ་ངོ་༡ གི་རིང་ སྐྱེད་བཏབ་མ་དགོ་པའི་ ཁེ་ཕན་བྱུང་མི་ཚུ་གིས་ གཡང་ཟ་བག་ཟོན་མེད་པར་ ད་རུང་ སྐྱིད་སྡུག་ཞུ་ནིའི་ འོས་འབབ་ཡོད་མི་ལུ་བརྟེན་ཨིན་པས།

དེ་འབདཝ་ལས་ ཚོང་པ་དང་ ཞི་གཡོགཔ་ག་འབད་རུང་ བཟའ་ཚང་དང་ ལས་གཡོགཔ་ཚུ་ འཚོ་སྐྱོང་གི་དཀའ་སྡུག་ངེས་བདེན་ཕོག་ཡོད་ན་མ་གཏོགས་ དེ་མིན་ སྐྱིད་སྡུག་ཞུ་ནི་མི་འོང་ཟེར་ ལ་ལོ་ཅིག་གིས་ བཤདཔ་ཨིན་པས།

འགོ་དཔོན་ཅིག་གིས་ སླབ་མིའི་ནང་ མ་གཞི་ མི་དབང་མངའ་བདག་རིན་པོ་ཆེའི་ཞབས་ལས་ ག་ར་ལུ་ སྐྱིད་སྡུག་འདྲ་མཉམ་ཐོབ་དགོཔ་སྦེ་ བཀའ་རྒྱ་གནང་ཡོད་རུང་ མི་ཚུ་གིས་ ཧ་གོ་དགོཔ་ དེ་ཡང་ ཁ་སྐོམ་མི་ལུ་ ཆུ་བྱིན་དོ་བཟུམ་ཅིག་ཨིན་མི་ སྐྱིད་སྡུག་འདི་ བྱིན་རླབས་ཅན་ཨིནམ་ལས་ མནོ་བསམ་ལེགས་ཤོམ་སྦེ་ གཏང་དགོཔ་མ་ཚད་ སྐྱིད་སྡུག་ཞུ་རུང་ དྲང་སྤྱོད་ཀྱི་ འགན་ཁུར་འབག་དགོ་ཟེར་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རང་འབྱུང་ལུ་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་ གནང་པའི་བསྒང་ཡོདཔ།

༉ བཀྲིས་སྒང་ རང་འབྱུང་འོད་གསལ་ཆོས་གླིང་དགོན་པ་ལུ་ གདུང་སྲས་ དགའ་རབ་རིན་པོ་ཆེ་མཆོག་གིས་ ཁྲག་འཐུང་བདུད་འཇོམས་གླིང་པའི་ གསུང་འབུམ་ལྗགས་ལུང་གནང་སར་ ཤར་ཕྱོགས་རྫོང་ཁག་དང་ ས་གནས་སོ་སོ་ལས་ དད་ཅན་སྐྱ་སེར་ཕོ་མོ་༡༠,༠༠༠ ལྷགཔ་ཅིག་འཛོམས་ནུག། གསུང་འབུམ་པོ་ཏི་༢༡ འབད་མིའི་ལྗགས་ལུང་དེ་ ཉིན་བསྟར་བཞིན་དུ་ དྲོ་པ་ཆུ་ཚོད་༨ …

Leave a Reply

Your email address will not be published. Required fields are marked *