སྐྱིད་སྡུག་མ་དངུལ་ ཁེ་སང་བཟོ་ནི་དང་ གསོག་འཇོག་འབད་ནིའི་དོན་ལུ་ཨིན་ན?

༉ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ ད་རུང་ ཟླཝ་༡༥ འི་རིང་ འཕྲོ་མཐུད་གནང་ནིའི་བཀའ་རྒྱ་གནང་མི་དེ་ འཛམ་ གླིང་རྒྱལ་སྤྱིའི་ནང་ མིག་དཔེ་རུང་བའི་ མཛད་བྱ་བཟང་པོ་ཅིག་ཨིན་མས།

མ་དངུལ་དེ་གིས་ རྒྱལ་ཡོངས་ཀྱི་འཆར་གཞི་དང་ གཞུང་གི་བང་མཛོད་ལུ་ ཐོ་ཕོག་མི་བཅུག་ནིའི་དོན་ལུ་ མ་དངུལ་དེ་ རྒྱལ་ཡོངས་ཉེན་སྲུང་མ་དངུལ་ནང་ལས་ གཏང་ནི་ཨིན་མས།

སྐྱིད་སྡུག་དེ་ཡང་ སྐྱིན་འགྲུལ་ལེན་མི་ཚུ་ལུ་ སྐྱེད་བཏབ་ནི་དང་ འོང་འབབ་མེད་མི་ཚུ་ལུ་ ལྷན་ཐབས་གྲོགས་རམ་འབད་ནིའི་དོན་ལུ་ཨིནམ་ད་ མ་དངུལ་ཐད་ཁར་ འབོར་ཆེ་ཏོག་ཏོ་སྦེ་ར་ གནས་ནི་ཨིན་མས།

དུས་ཅི་ སྤྱི་ཟླ་༣ པ་ཚུན་ སྐྱེད་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་༡༡.༠༦ གནས་མི་ལས་ དངུལ་ཀྲམ་ཐེར་འབུམ་༩.༡༨ འབྲུག་རྒྱལ་པོའི་རྒུད་གསོའི་སྐྱིད་སྡུག་ཨིནམ་ད་ དངུལ་ཀྲམ་ཐེར་འབུམ་༡.༨༨ དངུལ་འབྲེལ་གཙུག་སྡེ་ཚུ་གིས་ འབག་ནུག།

ཨིན་རུང་ མི་དབང་མཆོག་གི་ཐུགས་ཁར་ ནད་ཡམས་ཀྱིས་ གནོད་པ་བྱུང་མི་ འབྲུག་མི་ཚུ་ལུ་ འབྱེམ་ཕོག་མི་དེ་ མར་ཕབ་འབད་ཐབས་ལུ་ ལས་རིམ་དེ་ འཕྲོ་མཐུད་དགོ་པའི་ ཐུགས་དགོངས་བཞེད་གནང་ནུག།

རྒྱལ་སྤྱིའི་ནང་ རྒྱལ་ཁབ་མང་ཤོས་ཀྱིས་ རྒྱལ་ཁབ་ཀྱི་འཆར་དངུལ་དང་ བང་མཛོད་ལུ་ ཐོ་ཕོག་པའི་འཆར་གཞི་ཚུ་ བརྩམས་ཨིན་རུང་ མི་དབང་མཆོག་གི་མཛད་བྱ་དེ་ མ་འདྲཝ་ཅིག་ཨིནམ་ལས་ འབྱེམ་དེ་ མི་དབང་མཆོག་གི་ཐུགས་ཁར་ཡོད་མི་ མ་འོངས་པ་ལུ་ ན་གཞོན་ཚུ་གི་དོན་ལུ་ གཞི་བཙུགས་གནང་མི་ རྒྱལ་སྲུང་གི་དོན་ལུ་ ཆེད་དམིགས་བཞག་མི་ སྲུང་སྐྱོབ་དང་སྐྱིད་སྡུག་གི་མ་དངུལ་ལུ་ ཕོག་ནི་ཨིན་མས།

མི་དབང་མཆོག་གི་ དགོངས་བཞེད་དེ་ མི་སེར་གྱི་ བདེ་སྐྱིད་དང་གཞི་བདེ་ལུ་ གཙོ་རིམ་བཟུངམ་ཨིནམ་ ཤེས་ཚུགས་མི་དེ་ཡང་ རྒྱལ་ཡོངས་ཀྱི་ གལ་ཆེ་བའི་ ལས་འགུལ་བ་ལྷགཔ་སྦེ་ གཙོ་རིམ་གནང་མི་དེ་གིས་ འབྲུག་མི་སྐྱིད་སྡུག་ལུ་བརྟེན་ མི་ཚེ་སྐྱོང་ནིའི་ནང་ གྲོགས་རམ་ཐོབ་བཞིན་ཡོད་མི་ཚུ་གིས་ གནས་ཚུལ་དེ་གོཝ་ད་ ལགཔ་གཉིས་ཀྱིས་ གཅིག་བཟོ་སྟེ་ ཐལ་མོར་སྦྱར་ཏེ་བཀྲིན་བསམ་ཨིན་མས།

མི་དབང་མཆོག་གི་ སྐྱིད་སྡུག་དེ་ ཧེ་མ་ལས་ ཐོབ་བཞིན་ཡོད་མི་དང་ ད་ལས་ཕར་ ཐོ་ཕོག་མི་ཚུ་གིས་ཡང་ འཐོབ་ཚུགས་ནི་ཨིནམ་ད་ སྐྱིད་སྡུག་གི་ ཁྱད་དུ་འཕགས་པའི་ ཁྱད་ཆོས་གཅིག་ ཕྱོགས་རིས་མེད་པར་ ག་ར་ལུ་ གནང་མི་དེ་ཨིན།

དཔེར་ན་ ཞི་གཡོགཔ་ཚུ་ ལས་སྡེ་ཁག་ནང་ལཱ་འབད་མི་ཚུ་ ཟླ་རིམ་གྱི་དངུལ་ཕོགས་ ཐོབ་བཞིན་དུ་ཡོདཔ་ལས་ ནད་ཡམས་ ཀྱིས་ གནོད་པ་མ་འབྱུང་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱིད་སྡུག་དེ་ ཐོབ་བཞིན་དུ་འདུག།

སྐྱིད་སྡུག་དེ་གིས་ ཚོང་ལཱ་སྦོམ་འབད་མི་ཚུ་ལུ་ ཁེ་ཕན་སྦོམ་ཐོབ་སྟེ་ཡོདཔ་ལས་ རྒྱུ་ལས་བཅད་པ་ཅིན་ སྣུམ་འཁོར་པར་ཌོ་ཚུ་ཡང་ ཉོ་ཚུགས་པའི་ ཁེ་ཕན་ཐོབ་སྟེ་ཡོདཔ་ད་ ལ་ལོ་ཅིག་ ལྟོ་དུས་ཕོག་གསུམ་ཡང་ སྐྱིད་སྡུག་ལུ་བརྟེན་ བཟའ་ཚུགས་ཏེ་ཡོདཔ་མ་ཚད་ ཨ་ལོ་ཚུ་ཡང་ སློབ་གྲྭ་ནང་ བཏང་ཚུགས་ནུག།

ནད་ཡམས་ཀྱི་དུས་ཚོད་ནང་ དངུལ་ཁང་ཚུ་ནང་ཡང་ དངུལ་བཙུགས་མི་ ཡར་སེང་སོང་ནི་དེ་གིས་ ཁོང་གི་ ལཱ་འབད་ནི་ལུ་ཡང་ ཐོ་ཕོག་ཡོདཔ་ད་ འབྲུག་མི་ཚུ་གིས་ ནད་ཡམས་སྐབས་ལུ་ཨིན་རུང་ སྣུམ་འཁོར་གསརཔ་ཉོ་མི་ མ་ཆད་པར་ཐོན་མི་ལུ་ལྟཝ་ད་ ནད་ཡམས་ཀྱིས་ འབྲུག་མི་ལ་ལོ་ཅིག་ལུ་ ཐོ་མ་ཕོག་པའི་ བརྡ་མཚོན་ཨིན་མས།

སྐྱིད་སྡུག་ཟླཝ་༡༥ འི་རིང་ ཕར་འགྱངས་ཀྱི་ གསལ་བསྒྲགས་འབདཝ་ད་ ལ་ལོ་ཅིག་གིས་ ད་ལྟོ་ལས་ ཁེ་སང་ག་དེམ་ཅིག་ འོང་ནི་ཨིན་ནའི་ རྩིས་རྐྱབ་ཚར་ཡོདཔ་ལས་ འབྲུག་མི་ཚུ་གིས་ སྐྱིད་སྡུག་ཞུ་བའི་སྐབས་ མནོ་བསམ་ཐེབས་ གཏང་དགོཔ་ཁག་ཆེ་བས།

མི་དབང་མཆོག་གིས་ ཐུགས་བཞེད་ལེགས་ཤོམ་གནང་སྟེ་ སྐྱིད་སྡུག་གནང་མི་དེ་ ཞུ་མི་ཚུ་གིས་ བསམ་པ་བཟང་པོའི་ཐོག་ལས་ ཞུ་མ་ཤེས་པ་ཅིན་ གསེར་ཁྲི་ལས་གནང་མི་ གསོལ་རས་ཀྱི་དམིགས་དོན་ལུ་ གྲིབ་མ་ཞུགས་ནི་ཨིནམ་ལས་ སྐྱིད་སྡུག་མ་དངུལ་དེ་ ཁེ་སང་བཟོ་ནི་དང་ དངུལ་ཁང་ནང་ གསོག་འཇོག་འབད་ནིའི་ གོ་སྐབས་མེན་ཟེར་ཞུ་ནི།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *