སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྟེན་འབྲེལ་ཐང་ནང་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་ལུ་ ཁྲུས་གསོལ་དང་གཅིག་ཁར་ ཕྱག་འབྲུ་གཏོར་གནང་པའི་བསྒང་།

སྐྱབས་རྗེ་རྗེ་མཁན་མཆོག་གིས་ ནདཔ་སྐྱེལ་ལེན་སྣུམ་འཁོར་༧ ཞལ་འདེབས་གནང་ཡོདཔ།

ཁ་ཙ་ བཀྲིས་ཆོས་རྫོང་གི་ རྟེན་འབྲེལ་ཐང་ནང་སྦེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ གསོ་བ་ལྷན་ཁག་ལུ་ ནདཔ་སྐྱེལ་ལེན་སྣུམ་འཁོར་༧ ཞལ་འདེབས་སྦེ་ གནངམ་དང་འབྲེལ་ ལྷ་བསངས་ཁྲུས་གསོལ་ཡང་གནང་ཡི།

ཚབས་ཆེན་སྨན་བཅོས་སྡེ་ཚན་གྱི་ ལས་རིམ་གཙོ་འཛིན་འོགམ་ དབང་ཕྱུག་འབྲུག་པ་གིས་ སླབ་མིའི་ནང་ སྐྱབས་རྗེ་མཆོག་གིས་ ཧེ་མ་ཡང་ ནདཔ་སྐྱེལ་ལེན་སྣུམ་འཁོར་༦ ཞལ་འདེབས་གནང་ཡོདཔ་ལས་ ད་རིས་འབདཝ་ད་ ཞལ་འདེབས་ཐེངས་༢ པ་ཨིན་ཟེར་ཨིན་པས།

ནདཔ་སྐྱེལ་ལེན་སྣུམ་འཁོར་ཐེབས་ཐོབ་མི་ལུ་བརྟེན་ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་ལུ་ ནདཔ་ཚུ་སྐྱེལ་ལེན་འབད་ནིའི་ནང་ ཕན་ཐོགས་སྦོམ་ འབྱུང་འོང་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

རྒྱལ་ཁབ་མཐའ་དབུས་མེད་པའི་ སྨན་ཁང་ཚུ་ནང་ ནདཔ་སྐྱེལ་ལེན་སྣུམ་འཁོར་མཁོ་སྤྲོད་འབད་དེ་ཡོདཔ་ད་ དབང་ཕྱུག་འབྲུག་པ་གིས་ འབད་བ་ཅིན་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་ གཞི་རྟེན་སྨན་ཁང་སྡེ་རིམ་དང་པ་ལས་ འགོ་བཙུགས་ཏེ་ ཐོབ་དོ་ཡོདཔ་ཨིན་རུང་ གཞི་རྟེན་སྨན་ཁང་ལ་ལོ་ཅིག་ ས་ཐག་རིང་ས་ཡོད་མི་དང་ མི་སེར་གྱི་ སྟབས་བདེ་ཧིང་དང་འཁྲིལ་ སྡེ་རིམ་༢ པའི་ གཞི་རྟེན་སྨན་ཁང་དག་པ་ཅིག་ལུ་ཡང་ སྣུམ་འཁོར་ཚུ་ བྱིན་ཏེ་ཡོད་ཟེར་ཨིན་པས།

ད་རེས་ སྐྱབས་རྗེ་མཆོག་གིས་ སྣུམ་འཁོར་༧ གནང་ས་ལས་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ ལྷུན་རྩེ་ བཀྲིས་གཡང་རྩེ་ བསམ་རྩེ་ པདྨ་དགའ་ཚལ་སྨན་ཁང་ཚུ་ནང་ སྣུམ་འཁོར་རེ་ བགོ་བཀྲམ་འབད་ནི་ཨིན་རུང་ སྤུ་ན་ཁ་སྨན་ཁང་ སྣུམ་འཁོར་༢ བགོ་བཀྲམ་འབད་ནི་ཨིན་མི་དེ་ཡང་ སྣུམ་འཁོར་༡ ཕྱི་རྒྱལ་གྱི་ དད་ཅན་ཚུ་ རྒྱལ་ཁབ་ནང་ ལྟ་སྐོར་ལུ་འོངམ་ད་ འགྲུལ་སྐྱེལ་ཞབས་ཏོག་ ལེགས་ཤོམ་ཐོབ་འཐོབ་ནི་གི་ རེ་བ་བསྐྱེད་མི་ལུ་བརྟེན་ཨིན་ཟེར་ ལྷན་ཁག་གི་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།

ད་རུང་ འགོ་དཔོན་གྱིས་འབད་བ་ཅིན་ མོང་སྒར་དང་ ལྷུན་རྩེ་ བཀྲིས་གཡང་རྩེ་སྨན་ཁང་ཚུ་ནང་ ནདཔ་སྐྱེལ་ལེན་སྣུམ་འཁོར་རེ་ བགོ་བཀྲམ་འབད་དགོཔ་སྦེ་ སྐྱབས་རྗེ་མཆོག་གིས་ བཀའ་གནང་ཡོད་རུང་ སྨན་ཁང་གཞན་ཚུ་ནང་ ལྷན་ཁག་གིས་ དགོས་མཁོ་དང་འཁྲིལ་ བགོ་བཀྲམ་འབད་དོ་ཟེར་ཨིན་པས།

རྒྱལ་ཁབ་ནང་འཁོད་ལུ་ ནདཔ་སྐྱེལ་ལེན་སྣུམ་འཁོར་བསྡོམས་༡༡༡ ཡོད་མིའི་གུ་ ད་རེས་ སྐྱབས་རྗེ་རྗེ་མཁན་ཁྲི་རབས་༧༠ པ་མཆོག་གིས་ ཞལ་འདེབས་གནང་མི་ སྣུམ་འཁོར་༧ བརྩིསཝ་ད་ ནདཔ་སྐྱེལ་ལེན་སྣུམ་འཁོར་བསྡོམས་༡༡༨ ལུ་ ཡར་འཕར་སོང་ནུག།

སྣུམ་འཁོར་༧ ལུ་ གོང་ཚད་བསྡོམས་ དངུལ་ཀྲམ་ས་ཡ་༧.༧༦༦ ལྷགཔ་ཅིག་ གནས་ཡོདཔ་ད་ ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་ཡང་ སྐྱབས་རྗེ་རྗེ་མཁན་མཆོག་ལུ་ ཕྱི་རྒྱལ་ཁབ་ནང་ཡོད་མི་ དད་ཅན་སྦྱིན་བདག་ཚུ་གིས་ ཕུལ་ཡོདཔ་བཞིན་དུ་ ཁོང་གིས་ སྣུམ་འཁོར་བཟོ་སྐྲུན་ཁང་ལས་ རྒྱ་གར་ཀཱོལ་ཀ་ཊ་ཚུན་ཚོད་ བསྐྱལ་ཡོདཔ་ཨིན་པས།

དེ་འབདཝ་ད་ ཀཱོལ་ཀ་ཊ་ལས་ ཐིམ་ཕུག་ཚུན་ཚོད་ སྐྱེལ་འདྲེན་གྱི་གླ་ཆ་ དངུལ་ཀྲམ་ས་ཡ་༡.༨༣༨ དང་ སྔོ་ལྗང་ཁྲལ་བརྒྱ་ཆ་༢༠  ཞབས་ཏོག་གྱི་ཁྲལ་ བརྒྱུད་འགྲུལ་ཉེན་བཅོལ་ལ་སོགས་པ་ཚུ་ གསོ་བ་ལྷན་ཁག་གིས་ ཟད་འགྲོ་བཏང་ཡོདཔ་ཨིན་པས།

ནདཔ་སྐྱེལ་ལེན་སྣུམ་འཁོར་ཚུ་གི་ བཟོ་རྣམ་རྐྱངམ་གཅིག་ སོ་སོར་ཡོདཔ་མ་གཏོགས་ མཐུན་རྐྱེན་གཞན་ དཔེར་ན་ དབུགས་གཏོང་ལེན་གྱི་འཕྲུལ་ཆས་ ནདཔ་གི་ཉལ་ཁྲི་ལ་སོགས་པ་ཚུ་ སྣུམ་འཁོར་གཞན་ཚུ་བཟུམ་སྦེ་ར་ ཡོདཔ་ཨིན་པས།

སྣུམ་འཁོར་གསརཔ་ཆ་མཉམ་ར་ སྤྱི་ཟླ་༦ པའི་ཚེས་༢༦ ལས་ ངོས་འཛིན་ཅན་གྱི་ སྨན་ཁང་ཚུ་ནང་ བགོ་བཀྲམ་འབད་ནི་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *