སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་ ཨྱོན་པད་ཞྭ་བཞེས་ཏེ་ བཞུགས་པའི་བསྒང་།

སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ རིན་ཆེན་གསེར་དངུལ་གྱི་ འབུལ་མཚོན་ཕུལ་ཡོདཔ།

སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ སྟོན་པ་རྡོར་གདན་མའི་སྐུ་འདུན་ལུ་ ཟླཝ་༣ དེ་ཅིག་གི་རིང་ བཀའ་འགྱུར་ལྗགས་ལུང་གནང་ཡོད་པའི་ བཀའ་དྲིན་དགའ་ཚར་དོན་ལུ་ བཀའ་འགྱུར་ལྗགས་ལུང་གི་སྦྱིན་བདག་དང་ འགོ་འདྲེན་པ་ཚུ་གིས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ འབུལ་མཚོན་གྱི་རིགས་ ནོར་བུའི་བྱེ་བྲག་དང་ དར་སྣ་གོས་ཆེན་ དེ་ལས་ དངུལ་ཀྲམ་ས་ཡ་ལས་བཅད་དེ་ ཕུལ་ནུག།

འབུལ་མཚོན་ཚུ་ཡང་ སྤྱི་ཟླ་༡༡ པའི་ཚེས་༤ ལུ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ སྐུ་ཚེ་ཞབས་པད་བརྟན་ནིའི་དོན་ལུ་ མཁའ་འགྲོ་བརྟན་བཞུགས་ཕུལ་བའི་སྐབས་ མཎྜལ་སྐུ་གསུང་ཐུགས་རྟེན་དང་འབྲེལ་ ཕུལ་ནུག།

དེ་ཡང་ གསེར་ཀེ་ཇི་༡ དང་ དངུལ་ཀེ་ཇི་༥ དངུལ་ཀྲམ་ས་ཡ་༥༠ དངུལ་གྱི་མཎྜལ་གསེར་སྒྲོན་མ་ཅིག་ དེ་ལས་ གསེར་སྒྲོན་སྒྲོནམ་གི་ ཚེ་དཔག་མེད་དང་ སྒྲོལ་མ་ རྣམ་རྒྱལ་མ་ གུ་རུ་ དེ་ལས་ ཞབས་དྲུང་གི་ སྐུ་རྟེན་ཚུ་གིས་མ་ཚད་ རྒྱུ་སྨན་འདམ་ལས་བཞེངས་མི་ རྗེ་འབངས་༢༥ འི་ སྐུ་འདྲ་ཆ་ཚང་ཅིག་ཡང་ ཕུལ་ནུག།

དེ་ལས་ གསུང་རྟེན་གྱི་རིགས་ལས་ རྙིང་མའི་རྒྱུད་འབུམ་པོ་ཏི་༥༢ དང་ གཏེར་སྟོན་རྡོ་རྗེ་གླིང་པའི་གསུང་འབུམ་པོ་ཏི་༣༣ གཏོར་སྟོན་པདྨ་གླིང་པའི་གསུང་འབུམ་པོ་ཏི་༢༥ འཕགས་མོ་སྒྲུབ་པའི་གསུང་འབུམ་པོ་ཏི་༨ དེ་ལས་ ཞབས་དྲུང་རིན་པོ་ཆེའི་གསུང་འབུམ་པོ་ཏི་༡ ཕུལ་ནུག།

ཐུགས་ཀྱི་རིགས་ལས་ བཀའ་དམ་མཆོད་རྟེན་གསེར་སྒྲོན་མ་ཅིག་དང་ བྱང་ཆུབ་མཆོད་རྟེན་གསེར་སྒྲོན་མ་ཅིག་ ཡོན་ཏན་གྱི་རིགས་ལས་ དངུལ་གྱི་བུམ་པ་ཆ་གཅིག་ འཕྲིན་ལས་ཀྱི་རིགས་ལས་ ཕུར་པ་ཆེ་བ་ཅིག་ དེ་ལས་ ཨྱོན་པད་ཞྭ་འམ་ དབུ་ཞྭ་པདྨ་མཐོང་གྲོལ་དང་ ཆོས་གོས་༣ ན་བཟའ་ཆ་ཚང་ སྐུ་ཐང་༡༣ གྲམ་ཙི་གདན་ཆ་༣ དེ་ལས་ འབྲུ་སྣའི་རིགས་༢༥ ཕུལ་ནུག།

ཁ་ཙ་ ཆོས་སྐྱོང་ཡེ་ཤེས་མགོན་པོ་ལྕམ་དྲལ་གསུམ་གྱི་ བཀའ་དྲིན་གཏང་རག་ཚོགས་འཁོར་བསྐོར་བའི་སྐབས་ སྐྱབས་རྗེ་རིན་པོ་ཆེ་མཆོག་ལུ་ ཕྱག་འགྱེད་དངུལ་ཀྲམ་ས་ཡ་༡༠ ཕུལ་བའི་ཁར་ ཚོགས་འཁོར་མཇུག་བསྡུ་ཞིནམ་ལས་ སྐྱབས་རྗེ་རིན་པོའི་སྐུ་འདུན་ལུ་ བཀའ་འགྱུར་ལྗགས་ལུང་གནང་བའི་ ཟད་རྩིས་ཀྱི་ སྙན་ཞུ་ཕུལ་བའི་སྐབས་ ད་རུང་ དངུལ་ཀྲམ་ས་ཡ་༨.༦ ལྷགཔ་ཅིག་ ཕུལ་མི་དེ་རྩིསཝ་ད་ བཀའ་འགྱུར་ལྗགས་ལུང་གི་ སྦྱིན་བདག་དང་ འགོ་འདྲེན་པ་ཚུ་གིས་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༦༨.༦ ལྷགཔ་ཅིག་ཕུལ་ནུག།

བཀའ་འགྱུར་ལྗགས་ལུང་དོན་ལུ་ མ་དངུལ་གྱི་རྒྱབ་སྐྱོར་འབད་མི་ སྦྱིན་བདག་ཚུ་ཡང་ གཞུང་དགེ་འདུན་གྲྭ་ཚང་དང་ པད་ཚལ་གླིང་སྤྲུལ་སྐུ་ རྒྱལ་བ་མདོ་ཁམས་པ་ བླམ་ཚེ་རིང་དབང་འདུས་ མཁན་སྤྲུལ་དགའ་རབ་རྡོ་རྗེ་ མཁན་པོ་ཀརྨ་འཇིགས་མེད་ ཨ་བརྒྱ་བླམ་ཀུན་དགའ་རྒྱལ་མཚན་ བླམ་སྐལ་བཟང་ཚུལ་ཁྲིམས་ སྤྲུལ་སྐུ་རྡོ་རྗེ་ཐོགས་མེད་ མཁན་པོ་བཀྲིས་ཆོས་འཕེལ་ མཁན་པོ་སངས་རྒྱས་ཆོས་གྲགས་ དེ་ལས་ རབ་སྡེ་༡༧ ཚུ་ཨིནམ་ད་ ཁོང་རེ་རེ་གིས་ དངུལ་ཀྲམ་ས་ཡ་༢.༥ རེ་བཏོན་ཐོག་ལས་ གཏན་རྩ་མ་དངུལ་བཟོ་སྟེ་ བཀའ་འགྱུར་ལྗགས་ལུང་ འགོ་འདྲེན་འཐབ་ནུག།

སྤྱི་ཟླ་༡༡ པའི་ཚེས་༤ ལུ་ མཁའ་འགྲོ་བརྟན་བཞུགས་ཕུལ་བའི་སྐབས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཐུགས་སྨོན་གནང་པར་ བྱོན་ནུག།

ད་རིས་ལས་ ཀུན་གསལ་ཕོ་བྲང་ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ ལོ་བསྟར་གྱི་ སྨོན་ལམ་ཆེན་མོ་ འགོ་བཙུགས་གནང་ནི་ ཨིན་པའི་གནས་ཚུལ།

སྟན་འཛིན་རྣམ་རྒྱལ།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *