༉ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ རྫོང་ཁག་༡༨ ཀྱི་ རབ་སྡེ་གྲྭ་ཚང་ཚུ་གི་ ཡོངས་འབྲེལ་ཁ་བྱང་དང་ ལྷོ་འབྲུག་བསྟན་པའི་མཛེས་རྒྱན་རྣམས་ཟེར་མི་ལས་འགུལ་ འགོ་འབྱེད་མཛད་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ སྤུ་ན་བདེ་བ་ཆེན་པོའི་ཕོ་བྲང་ནང་སྦེ་ ཞབས་དྲུང་རིན་པོ་ཆེ་མཆོག་ དགོངས་པ་ཆོས་ཀྱི་དབྱིངས་སུ་གཤེགས་པའི་ དུས་ཆེན་ཁྱད་པར་ཅན་གྱི་ཉིནམ་ བརྩི་སྲུང་ཞུཝ་དང་འབྲེལ་ཨིན་པས།
གཞུང་གྲྭ་ཚང་གི་ གདོང་དེབ་ཕེགསི་བུག་ནང་ གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ ལས་འགུལ་དེ་ གཞུང་གྲྭ་ཚང་གཞི་བཙུགས་འབད་དེ་ མི་ལོ་༤༠༠ འཁོར་བའི་ དུས་སྟོན་བརྩི་སྲུང་གི་དོན་ལུ་ དམིགས་བསལ་གྱི་ལས་འགུལ་ཅིག་ཨིནམ་མ་ཚད་ འབྲུག་གི་བླ་སློབ་ཡོངས་ལུ་ གུས་བཏུད་ཞུ་ནིའི་དོན་ལུ་ཨིན་པས།
དེ་ལས་ སྐྱབས་རྗེ་མཆོག་གིས་ རིགས་གཅིག་མཁས་པའི་མཆོག་འཛིན་གྱི་ སློབ་ཕྲུག་ཤོ་ཐེངས་དང་པ་ལུ་ མཐར་འཁྱོལ་ལག་ཁྱེར་གནངམ་མ་ཚད་ སློབ་ཕྲུག་ཤོ་ཐེངས་༢ པ་ཚུ་ལུ་ཡང་ བཀྲིས་བདེ་ལེགས་ཁ་དར་ གནང་ཡོདཔ་ཨིན་པས།
ཞབས་དྲུང་སྐུ་མཆོད་དང་འབྲེལ་ གཞུང་གྲྭ་ཚང་དབུ་བརྙེས་ཏེ་ མི་ལོ་༤༠༠ འཁོར་བའི་ དུས་དྲན་བརྩི་སྲུང་ཞུ་ནིའི་དོན་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་དབུ་གཙོས་པའི་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་དང་ མི་དབང་རྒྱལ་བཙུན་ དེ་ལས་ སྐུ་འཁོར་ལྷན་རྒྱས་ཚུ་གིས་ ལྷན་བཞུགས་གནང་ཡོདཔ་ཨིན་པས།
ཉིནམ་དེ་ཁར་ ཞབས་དྲུང་རིན་པོ་ཆེ་གི་ མཐོང་གྲོལ་མཇལ་ཁ་གནངམ་མ་ཚད་ དད་ལྡན་སྐྱ་སེར་ཡོངས་ལུ་ འབྲུག་པའི་ནང་རྟེན་གཙོ་བོ་ རང་བྱུང་ཁ་ས་པ་ཎེ་ཡང་ མཇལ་ཁ་གནང་ཡོདཔ་ཨིན་པས།
ཉིནམ་དང་པའི་ནང་ རྡོ་རྗེ་སློབ་དཔོན་གྱིས་དབུ་གཙོས་པའི་ སློབ་དཔོན་ལྷན་རྒྱས་དང་ མཁན་པོ་ བླ་སྤྲུལ་ དེ་ལས་ དགེ་སློང་ཞལ་གྲངས་༣༠༠ ལྷགཔ་ཅིག་གིས་ བླ་མའི་མཆོད་པ་གནང་ཡོདཔ་ཨིན་རུང་ ཉིནམ་༢ པ་དང་༣ པའི་ནང་ སྐྱབས་རྗེ་མཆོག་གིས་ དབུ་བཞུགས་ཐོག་མཛད་གནང་ནུག།
དེ་བསྒང་ ཀུན་མཁྱེན་པདྨ་དཀར་པོ་དང་ གུ་རུ་རིན་པོ་ཆེ་ དེ་ལས་ ཞབས་དྲུང་རིན་པོ་ཆེའི་ མཐོང་གྲོལ་ཚུ་ཡང་ མཇལ་ཁ་གནང་ཡོདཔ་སྦེ་ གཞུང་གྲྭ་ཚང་ལས་ བརྡ་བརྒྱུད་འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
རང་ཟླ་༣ པའི་ཚེས་༡༠ ལུའམ་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ གཞུང་འབྲེལ་ཐོག་ལས་ ལོ་བསྟར་བཞིན་དུ་ ཞབས་དྲུང་སྐུ་མཆོད་བརྩི་སྲུང་ཞུ་དོ་ཡོདཔ་ལས་ གཞུང་གིས་ ཞི་གཡོགཔ་དང་ སློབ་གྲྭ་ དགོན་སྡེ་ཚུ་ ངལ་གསོ་སྦེ་ བཞག་གནང་ཡོདཔ་ཨིན་པས།
ཞབས་དྲུང་སྐུ་མཆོད་བརྩི་སྲུང་ཞུ་ནིའི་དོན་ལུ་ རྫོང་ཁག་༢༠ གི་ རབ་སྡེའི་བླམ་གནས་བརྟན་དང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ཚུ་གིས་ཡང་ བཅའ་མར་གཏོགས་ཡོད་པའི་གནས་ཚུལ།
བཀྲིས་ཕུན་ཚོགས།