བླམ་ཚེ་དབང་བསོད་ནམས།

སྐྱབས་རྗེ་མཆོག་གིས་ མཁན་པོ་ཚེ་དབང་བསོད་ནམས་ བུམ་ཐང་ཐར་པ་གླིང་གྲྭ་ཚང་གི་ བླམ་གསརཔ་སྦེ་ བསྐོ་བཞག་གནང་ཡོདཔ།

༉ སྤྱི་ཟླ་༧ པའི་ཚེས་༡༦ ལུ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཐིམ་ཕུག་བཀྲིས་ཆོས་རྫོང་ནང་སྦེ་ མཁན་པོ་ཚེ་དབང་བསོད་ནམས་ བུམ་ཐང་ཐར་པ་གླིང་གྲྭ་ཚང་གི་ བླམ་གསརཔ་སྦེ་ བསྐོ་བཞག་ཐོག་ལས་ བཀྲིས་ལེགས་དར་གནང་ཡོདཔ་ཨིན་པས།
དེ་ཡང་ བུམ་ཐང་ཨུ་ར་ལས་ སྐྱེས་ལོ་༥༧ འབད་མི་ བླམ་ཚེ་དབང་བསོད་ནམས་དེ་ ཐར་པ་གླིང་གྲྭ་ཚང་གི་ བླམ་༩ པ་ཨིནམ་ད་ ད་ལྟོའི་ གོ་གནས་མ་བཞེས་པའི་ཧེ་མར་ ཀུར་སྟོད་སངྒེ་རྫོང་དང་ ཨ་བརྒྱ་གནས་ སྐོར་ཕུག་ ཧཱ་གསང་སྦས་ཁ་ བཀྲིས་གཡང་རྩེ་ པདྨ་གླིང་ལ་སོགས་པའི་ གནས་རྩ་ཅན་ཚུ་ནང་ སྒོམ་སྒྲུབ་གནང་སྟེ་ བཞུགས་ཡོདཔ་ཨིན་པས།
བླམ་ཚོ་དབང་བསོད་ནམས་ཀྱིས་ ཨུ་ར་ལུ་ཡོད་པའི་ སྒོམ་སྡེ་གྲྭ་ཚང་ནང་ འཛུལ་ཞུགས་འབད་ཞིནམ་ལས་ རྒྱ་གར་མའི་སུར་ལུ་ ཕྱག་དཔེ་གཟིགས་པར་བྱོན་ཡོདཔ་ད་ རིག་གནས་དང་ རྩིས་ཀྱི་ཤེས་ཡོན་ཚུ་ འབྲུག་ལུ་ བླམ་རྒྱལ་བ་ཉི་མ་དང་ ཚང་ཁ་རིན་པོ་ཆེ་ ནོར་བུ་དབང་ཕྱུག་མཆོག་ལས་ ཞུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འབྲུག་ལུགས་བཀའ་བརྒྱུད་ཀྱི་ དབང་ལུང་ཁྲིད་གསུམ་དང་ སྲུང་མའི་སློང་སྟེར་གྱི་དབང་ལུང་ དེ་བཟུམ་སྦེ་ ཕྱག་ཆེན་གྱི་ཉམས་ལེན་ གནས་འགྱུ་རིག་གསུམ་ཚུ་ སྐྱབས་རྗེ་ཉི་ཟེར་སྤྲུལ་སྐུ་འཕྲིས་ལྷུན་གྲུབ་མཆོག་དང་ ཀྲོང་གསར་བླམ་ དར་བབ་ཚེ་དབང་རྡོ་རྗེ་ལས་ ཞུ་ཡོདཔ་ཨིན་པས།
བླམ་བསོད་ནམས་ཚེ་དབང་ལུ་ མཁན་པོའི་གོ་གནས་དེ་ཡང་ རྒྱ་གར་མའི་སུར་ སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་ མཁན་ཐོག་གསུམ་པའི་སྐབས་ སྒྲུབ་དབང་པད་ནོར་རིན་པོ་ཆེ་མཆོག་གིས་ གནང་ཡོདཔ་ད་ མཁན་པོའི་གོ་གནས་བཞེས་ཞིནམ་ལས་ སྔ་འགྱུར་མཐོ་སློབ་ཆེན་མོར་ ཚོགས་གཙོ་བའི་ ཕྱག་འགན་ཐེངས་མང་རབས་ཅིག་ བཞེས་ཡོདཔ་ཨིན་པས།
དེ་ལས་ སྤྱི་ལོ་༢༠༠༣ ལུ་ བོད་ལུ་ སྔ་འགྱུར་རྙིང་མའི་མ་དགོན་དྲུག་གི་ནང་ལས་ དཔལ་ཡུལ་དགོན་པའི་ བཤད་གྲྭའི་དབུ་འཛིན་སྦེ་ ལོ་༤ ལྷགཔ་ཅིག་ ཕྱག་ཞུ་ཡོདཔ་ད་ དེའི་རིང་ལུ་ གཙུག་ལག་ཁང་དེ་ སྔར་ལས་ལྷགཔ་སྦེ་ སྒྲིང་སྒྲི་བཟོ་ཡོདཔ་ཨིན་པས།
བོད་ལུ་བཞུགས་པའི་རིང་ བོད་ཀྱི་བླ་ཆེན་དང་ སྨྱོ་ཤུལ་མཁན་རིན་པོ་ཆེ་ མཁན་པོ་ཨ་ཁྱུག་རིན་པོ་ཆེ་ལ་སོགས་པའི་ མཁས་པ་ཚུ་ལས་ རྫོགས་ཆེན་ཉམས་ལེན་གྱི་ ཁྲིད་ཡིག་སྐོར་ མང་རབས་ཅིག་ གསན་ཞིནམ་ལས་ འབྲུག་ལུགས་གསན་བསམ་མཛད་པའི་ཆོས་ཚུ་ ཉམས་ལེན་ཐོག་ རྒྱུན་སྐྱོང་མཛད་གནངམ་མ་ཚད་ མི་སྡེ་ལུ་ ནང་ཆོས་གནད་སྨིན་གྱི་དོན་ལུ་ བཤད་ཁྲིད་ཀྱི་ཞབས་ཏོག་ཡང་ མང་རབས་ཅིག་ ཞུ་ཡོདཔ་ཨིན་པས།
ད་རུང་ མའི་སུར་ལུ་ ལོག་བྱོན་ཞིནམ་ལས་ ལོ་༡ གི་རིང་ བཤད་གྲྭའི་ གཙོ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མཁན་པོ་མཆོག་ གངས་ཁྲོད་རི་ཁྲོད་ལུ་ བཞུགས་ནིའི་ཐུགས་བཞེད་ཡོདཔ་ཨིན་རུང་ གྲྭ་ཚང་གིས་ གསོལཝ་བཏབ་བཞིན་དུ་ མི་མང་དང་ གྲྭ་ཚང་གི་མཐའ་དོན་ལུ་ བླམ་གི་གོ་གནས་ བཞེས་ཡོདཔ་ཨིན་པས།
ད་རེས་ ཐར་པ་གླིང་གྲྭ་ཚང་ནང་ དགེ་སློང་ཞལ་གྲངས་༡༠༠ ལྷགཔ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *