རྩི་ནག་གཏང་མ་ཚུགས་པར་ལུས་མི་ སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ།

སྐོར་ཕུག་རྒེད་འོག་ལྟེ་བའི་འཁོར་ལམ་ འཕྲལ་མགྱོགས་ར་ རྩི་ནག་གཏང་ནི།

༉ ཀྲོང་གསར་རྫོང་ཁག་ནང་ རྩི་ནག་གཏང་མ་ཚུགས་པར་ ཡུན་རིངམོ་སྦེ་ལུས་མི་ སྐོར་ཕུག་རྒེད་འོག་ལྟེ་བའི་འཁོར་ལམ་དེ་ འཕྲལ་མགྱོགས་ར་ རྩི་ནག་གཏང་ནི་ཨིན་པས།
རིང་ཚད་ཀི་ལོ་མི་ཊར་༡༩.༥ འབད་མི་ རྒེད་འོག་ལྟེ་བའི་ལམ་དེ་ སྤྱི་ལོ་༢༠༡༦ གི་ཟླཝ་༤ པའི་ནང་ ཁག་འབགཔ་ལུ་སྤྲོད་ཡོདཔ་བཞིན་དུ་ ཟླ་ངོ་༢༤ འི་ནང་འཁོད་ལུ་ རྩི་ནག་གཏང་ཚར་དགོཔ་ཨིན་རུང་ ཡུན་འགྱངས་ལུས་ཡོདཔ་ཨིན་པས།
སྐོར་ཕུག་རྒཔོ་ སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ རྩི་ནག་གཏང་མ་ཚུགས་པའི་སྐོར་ལས་ རྫོང་ཁག་ཚོགས་འདུ་ཐེངས་༥ པའི་ནང་ གྲོས་བསྡུར་འབད་བའི་སྐབས་ ལམ་སེལ་ལས་ཁུངས་ཀྱིས་ ལོག་རིག་བསྡུར་འགོ་འདྲེན་འཐབ་ནི་སྦེ་ སླབ་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཚོགས་ཐེངས་༦ པ་མ་རན་པའི་ཧེ་མར་ ལམ་སེལ་ལས་ཁུངས་དང་ གྲོས་བསྟུན་འབད་བའི་སྐབས་ རིན་བསྡུར་འབད་ནི་ཟེར་སླབ་ཡོད་རུང་ ནམ་འགོ་འདྲེན་འཐབ་ཚུགས་ག་ སླབ་ནི་མིན་འདུག་ཟེར་ཨིན་པས།
རྒེད་འོག་ལྟེ་བའི་ལམ་དེ་ གྲུབ་འབྲས་མེད་པའི་ཁར་ ཁག་འབག་གི་གནས་ཡུན་རྫོགས་སོཔ་ལས་ སྤྱི་ཟླ་༢ པའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ ཁག་འབག་ཆ་མེད་གཏང་ཞིནམ་ལས་ སྤྱི་ཟླ་༣ པའི་ནང་ ལམ་སེལ་ལས་ཁུངས་ཀྱིས་ རྩིས་ལེན་ཡོདཔ་ཨིན་པས།
སྤྱི་ཟླ་༤ པའི་ནང་ ལམ་སེལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་ སྐོར་ཕུག་རྒེད་འོག་ལྟེ་བའི་ ལམ་གྱི་སྙན་ཞུ་ཚུ་ ཡིག་ཚང་ལྟེ་བ་ལུ་ བཏང་ཡོདཔ་ལས་ ཆར་ཆུའི་དུས་ཚོད་རྫོགས་པའི་ཤུལ་ སྤྱི་ཟླ་༡༠ པ་དེ་ཅིག་ནང་ ལཱ་འགོ་བཙུགས་ཏེ་ དུས་ཅི་གི་ ལོ་མཇུག་ལུ་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་བཤདཔ་ཨིན་པས།
ལམ་སེལ་ལས་ཁུངས་ཀྱི་ བཀོད་ཁྱབ་བཟོ་རིག་འགོ་དཔོན་ རྡོ་རྗེ་གིས་ སླབ་མིའི་ནང་ རིན་བསྡུར་འབད་ནིའི་དོན་ལུ་ གྲ་སྒྲིག་ཡོད་ཟེར་ཨིནམ་ད་ རིན་བསྡུར་གྱི་ལམ་ལུགས་གསརཔ་ཅིག་ བཟོ་དོ་ཡོདཔ་ལས་ སྤྱི་ཟླ་༡༠ པའི་ བར་མཚམས་ལུ་ རིན་བསྡུར་འབད་དེ་ སྤྱི་ཟླ་༡༡ པ་དེ་ཅིག་ལས་ ལཱ་འགོ་བཙུགས་འོང་ཟེར་ཨིན་པས།
ཆར་ཆུ་མེད་པའི་སྐབས་ སྐོར་ཕུག་ལུ་ སྣུམ་འཁོར་ཆེ་ཆུང་མེད་པར་ ཐལ་དོ་ཡོདཔ་ཨིན་རུང་ ཆརཔ་རྐྱབ་པའི་སྐབས་ དཀའ་ངལ་ཐོན་དོ་ཡོདཔ་ད་ སང་ཕོད་ ལོ་འགོ་བཙུགས་ཁམས་ཅིག་ལས་ སྐོར་ཕུག་གི་མི་སེར་ཚུ་ ལམ་རྩི་ནག་བཏང་མི་དེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
ཀྲོང་གསར་རྫོང་ཁག་འོག་གི་ རྒེད་འོག་༥ འི་གྲས་ལས་ སྐོར་ཕུག་རྒེད་འོག་ལྟེ་བའི་ འཁོར་ལམ་རྐྱངམ་གཅིག་ རྩི་ནག་གཏང་མ་ཚུགས་པར་ ལུས་ཡོད་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *