སྐུལ་བསྒྲགས་ཀྱི་མཁོ་ཆས།

༉ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་ཉིནམ་ རན་ནི་ལུ་ ཉིན་གྲངས་༢༢ ལས་མེདཔ་ལས་ རྒྱལ་ཁབ་ནང་འཁོད་ལུ་ བཙག་འཐུའི་འུར་བྱེལ་ ལང་དགོཔ་ཨིན་རུང་ ད་ལྟོ་ སྤྱིར་བཏང་མི་མང་ལུ་ བཙག་འཐུའི་ཚོར་སྣང་ཡོདཔ་བཟུམ་སྦེ་ མི་མཐོངམ་མས།
མ་གཞི་ རྫོང་ཁག་ཚུ་ནང་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་གཉིས་ མཉམ་འབྲེལ་ཐོག་ལས་ མི་མང་རྩོད་བསྡུར་ལས་རིམ་ཚུ་ དངོས་མཐོང་སྦེ་ གསལ་སྟོན་འབད་ནི་ འགོ་བཙུགས་ཏེ་ཡོད་རུང་ རྫོང་ཁག་ལེ་ཤ་ཅིག་ནང་ འདེམས་ངོ་ཚུ་ བཙག་འཐུ་ལྷན་ཚོགས་ལས་ སྐུལ་བསྒྲགས་ཀྱི་ ཤོག་བྱང་དང་ འགྲེམས་བྱང་ སྦྱར་ཡིག་ཚུ་ལུ་ སྒུག་སྟེ་འདུག།
འདི་འབདཝ་ལས་ ད་ལྟོ་ འདེམས་ངོ་མང་ཤོས་ཅིག་གིས་ར་ སྐུལ་བསྒྲགས་འགོ་བཙུགས་མ་ཚུགས་པར་ཡོདཔ་ད་ ལ་ལོ་ཅིག་ ཚ་གྱང་ལང་སྟེ་ཡོད་མི་དེ་ཡང་ བཙག་འཐུ་འབད་ནི་ལུ་ དུས་ཡུན་བདུན་ཕྲག་གསུམ་ལྷགཔ་ཅིག་ལས་བརྒལ་ མེད་ནི་དེ་གིས་ གཡུས་སྒོ་བཤལ་ཏེ་ སྐུལ་བསྒྲགས་འབད་མི་ཚར་ནི་མས་ཟེར་ཨིན་མས།
ད་ཚུན་གྱི་བར་ན་ སྐུལ་བསྒྲགས་ཀྱི་ མཁོ་ཆས་ཚུ་ རྫོང་ཁག་ཚུ་ནང་ མ་ལྷོད་ནི་དེ་གིས་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་ནི་དེ་ཡང་ དུས་ཡུན་དུམ་གྲ་ཅིག་ ཕར་འགྱངས་འབད་དགོཔ་ཐོན་ནུག།
འདི་འབདཝ་ད་ སྐུལ་བསྒྲགས་ཀྱི་དོན་ལུ་ ཨིན་ཅི་མིན་ཅི་ རང་སོའི་ངོ་སྤྲོད་ཤོག་བྱང་དང་ འགྲེམས་བྱང་ སྦྱར་ཡིག་ཚུ་ དགོཔ་ཡོདཔ་ཨིན་ན་ཟེར་ ལ་ལོ་གིས་ དྲི་བཀོད་ཡང་འབདཝ་མས།
ད་རེས་ནངས་པར་ མི་སེར་མང་ཤོས་ཅིག་གིས་ འདེམས་ངོ་ཚུ་ ལེགས་ཤོམ་སྦེ་ ངོ་མི་ཤེས་དོ་ཡོདཔ་ལས་ ཁོང་གི་དོན་ལུ་ འདེམས་ངོའི་པར་དང་ འགྲེམས་བྱང་བགོ་བཀྲམ་འབད་དགོཔ་འདི་ གལ་ཆེཝ་བཞིན་དུ་ འདི་བཟུམ་བགོ་བཀྲམ་འབད་དགོཔ་འདི་ བཙག་འཐུའི་བཅའ་ཁྲིམས་དང་ བཅའ་ཡིག་ སྒྲིག་གཞི་ཚུ་དང་འཁྲིལ་ཨིན་མས།
དེ་སྦེ་ཨིན་པ་ཅིན་ སྤྱི་ཟླ་༣ པའི་ཚེས་༢༢ ལས་ སྐུལ་བསྒྲགས་འགོ་བཙུགསཔ་ད་ བརྡ་བྱང་དང་ ཤོག་བྱང་ འགྲེམས་བྱང་ཚུ་ ག་ཅི་སྦེ་ བགོ་བཀྲམ་མ་འབདཝ་ཨིན་ན?
ངོས་ལེན་འགོ་དཔོན་དང་ བཙག་འཐུའི་འགོ་དཔོན་ཚུ་གིས་ འབད་བ་ཅིན་ སྐུལ་བསྒྲགས་ཀྱི་ མཁོ་ཆས་ཚུ་ བགོ་བཀྲམ་འབད་ནི་ཕྱིས་མི་དེ་ འདེམས་ངོ་ཚུ་གི་ ཁ་ཐུག་ལས་ཡང་ འགན་འཁྲི་འབག་དགོཔ་ཡོད་མི་དེ་ཡང་ ཁོང་གི་སྐོར་ལས་ ངོ་སྤྲོད་གསལ་བཤད་དང་ ཁ་གསལ་ཚུ་ ཕྱིས་སུ་སྦེ་ བཙུགས་མི་ལུ་བརྟེན་ཨིནམ་སྦེ་ སླབ་ཨིན་མས།
ད་རེས་ཀྱི་ བྱུང་རྐྱེན་དེ་ སྔ་གོང་ལས་ གྲ་སྒྲིག་འབད་དགོ་པའི་ དྲན་གསལ་ཅིག་ཨིན་པའི་ཁར་ ཤུལ་མའི་དོན་ལུ་ ཉམས་མྱོང་ལེགས་ཤོམ་ཅིག་ཨིན་མས།
ཨིན་རུང་ བཙག་འཐུ་ལྷན་ཚོགས་ཀྱིས་ སྐུལ་བསྒྲགས་ཀྱི་ མཁོ་ཆས་ཚུ་ སྤྱི་ཟླ་༣ པའི་ཚེས་༢༦ ལས་ རྫོང་ཁག་སོ་སོའི་ནང་ བཏང་ཡོདཔ་ལས་ རྒྱལ་ཡོངས་ཚོགས་སྡེའི་ འདེམས་ངོ་ཚུ་ ཚ་གྱང་ལང་དགོཔ་དང་ སྤྱགས་སྡུག་འཐབ་དགོཔ་ཅིག་མིན་འདུག།
བསྐྱར་ཞིབ་ཚོགས་ཁང་གི་ བཙག་འཐུའི་དོན་ལུ་ དོ་འགྲན་འབད་མི་ཚུ་གིས་ སྐུལ་བསྒྲགས་འབད་ནི་ འགོ་བཙུགསཔ་དང་འབྲེལ་ མི་སེར་ཚུ་གི་ འགན་ཁུར་རྩ་ཅན་དེ་ཡང་ འགོ་བཙུགས་པའི་ བརྡ་མཚོན་སྟོནམ་ཨིན།
ག་འཆརཔ་ཟེར་བ་ཅིན་ རྒྱལ་ཡོངས་ཚོགས་སྡེ་དེ་ རྒྱལ་ཁབ་ཀྱི་ རང་བཙན་དང་ བདེ་སྲུང་ མི་སེར་གྱི་མཐའ་དོན་དང་འབྲེལ་བའི་ གནད་དོན་ཚུ་ བསྐྱར་ཞིབ་འབད་མི་ ཚོགས་ཁང་ཅིག་ཨིནམ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ འདེམས་ངོ་ཚུ་གི་ སྐུལ་བསྒྲགས་ཚུ་ལུ་ བསམ་ཞིབ་མཐིལ་ཕྱིན་འབད་དེ་ མི་སེར་གྱི་ མགྲིན་ཚབ་འབད་ཚུགས་པའི་ ལྕོགས་གྲུབ་དང་ འཇོན་ཐངས་ཅན་ཚུ་ བཙག་འཐུ་འབད་དགོ།
བདུན་ཕྲག་འདི་ནང་ལས་ འདེམས་ངོ་ཚུ་གིས་ རང་སོའི་བརྡ་བྱང་དང་ ངོ་སྤྲོད་གསལ་བཤད་ཀྱི་ ཤོག་བྱང་ཚུ་ བགོ་བཀྲམ་ཐོག་ལས་ སྐུལ་བསྒྲགས་འབད་ནི་ འགོ་བཙུགསཔ་དང་འབྲེལ་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་ཚུ་གིས་ཡང་ སྤྱི་ཟླ་༤ པའི་ཚེས་༢༠ ལུ་ བཙག་འཐུའི་ཉིན་མར་ རང་སོའི་གསང་བའི་ཚོགས་རྒྱན་ བཙུགས་ནི་གི་དོན་ལུ་ གྲ་སྒྲིག་འབད་དགོ།

About admin

Check Also

དགེ་ལེགས་ཕུག་ལུ་ ཆུ་རུད་བཀག་ཐབས་ཀྱི་ ཆུ་བྱག་དང་ ཆུ་ལམ་ལེགས་བཅོས་འབད་ནི།

ཁྲོམ་སྡེ་གིས་ ལོ་ཕྱེད་ཀྱི་ འཆར་དངུལ་བསྐྱར་ཞིབ་སྐབས་ ཉེན་ཅན་ས་ཁོངས་ཚུ་ནང་ ཆུ་རུད་བཀག་ཐབས་ཀྱི་ གཙོ་རིམ་སྒྲིག་ནི་ཨིན་པས། ༉ གནམ་བྱཱར་གྱི་སྐབས་ ཆུ་རུད་ལས་ ཉེན་སྐྱོབ་འབད་མི་ ཆུ་བྱག་ཚུ་ རམ་ཡར་སོཔ་ལས་ དགེ་ལེགས་ཕུག་ ནམ་མཁའ་གླིང་འདེམས་ཁོངས་ནང་ ཨའི་པོ་ལི་རོང་ཆུའི་ …

Leave a Reply

Your email address will not be published. Required fields are marked *