སྐུ་ཨར་རྐུན་འབད་མི་ ཕོ་སྐྱེས་༢ ཀྱི་རྩོད་བཤེར་ ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ ཁ་ཙ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༣༦ དང་༢༥ ལང་མི་ ཕོ་སྐྱེས་༢ ལུ་ སྒེར་གྱི་ཁྱིམ་ནང་ལས་ སྐུ་ཨར་རྐུན་འབད་མི་ལུ་བརྟེན་ དབྱེ་རིམ་༤ པ་དང་ཉེས་ཕྲའི་ཉེས་འཛུགས་འབད་དེ་ མོང་སྒར་ཁྲིམས་འདུན་ལུ་ བཙུགས་ནུག།
སྐྱེས་ལོ་༢༥ ལང་མི་ ཀརྨ་བསྟན་འཛིན་དེ་ སྤྱི་ལོ་༢༠༡༦ ལུ་ ཐང་རོང་རྒེད་འོག་གི་ཁྱིམ་ཅིག་ནང་ལས་ ཚེ་དཔག་མེད་ཀྱི་སྐུ་ཅིག་ཨར་རྐུན་འབད་མི་ལུ་བརྟེན་ བཙོན་ཁྲིམས་ཟླཝ་༣ དང་ ཞག་༧ བཀལ་ཡོདཔ་ལས་ ད་རེས་ བྱ་ངན་འབད་མི་དེ་ ཨར་རྐུན་གྱི་གནོད་འགེལ་ཨིནམ་ལས་ དབྱེ་རིམ་༤ པའི་ཉེས་ཆེན་ བཀལ་དགོཔ་སྦེ་ ཞུ་ནུག།
ཉེས་འཛུགས་ཅན་༢ པ་ བསོད་ནམས་རྒྱ་མཚོ་གིས་ ཀརྨ་བསྟན་འཛིན་ལུ་ དང་ཕུ་གི་ སྐུའི་རིགས་འཐོབ་པ་ཅིན་ འབག་ཤོག་ཟེར་སླབ་མི་ལུ་བརྟེན་ ཁོ་གིས་ བྱ་ངན་འབད་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཁོ་ལུ་ ཉེས་ཕྲའི་ཉེས་ཁྲིམས་སྨིན་དགོ་པའི་ ཞུ་བ་འབད་ནུག།
བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་༨ པའི་ཚེས་༡༣ གྱི་ དྲོ་པའི་ཆུ་ཚོད་༩ དེ་ཅིག་ཁར་ མོང་སྒར་རྫོང་ཁག་ འབྲས་སྤུངས་རྒེད་འོག་ ལབ་རྩ་ཁ་ལས་ རྡོ་རྗེ་རྒྱ་མཚོ་གིས་ ཁོ་རའི་ཁྱིམ་ནང་ལས་ སྒྲོལ་མའི་སྐུ་༡ དང་ ཕྱག་ན་རྡོ་རྗེའི་སྐུ་༡ བྱང་སྟོར་ཤོར་ཡོདཔ་ ཞིབ་དཔྱད་འབད་དགོ་པའི་ ཞུ་བ་འབད་བའི་ཤུལ་ལས་ བདའ་ཟུན་ཡོདཔ་ཨིན་པས།
ཉེས་འཛུགས་ཅན་ སྐྱེས་ལོ་༣༦ ལི་མི་ བསོད་ནམས་རྒྱ་མཚོ་དེ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ སྒོམ་དར་ ཁོ་ཡར་སྤང་ལས་ཨིནམ་ད་ ཀརྨ་བསྟན་འཛིན་དེ་ མོང་སྒར་སྤང་ལེན་ལས་ཨིན་པས།
བྱ་ངན་འབད་མི་༢ ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ འཛིན་བཟུང་འབད་དེ་ ཞིབ་དཔྱད་འབད་བའི་སྐབས་ ཉེས་འཛུགས་ཅན་ བསོད་ནམས་རྒྱ་མཚོ་གིས་ ཀརྨ་བསྟན་འཛིན་ལུ་ སྐུ་འཚོལ་འབག་ཤོག་ཟེར་ སླབ་མི་ལུ་བརྟེན་ ཁོ་ར་ ཉམས་རྒུདཔ་ རྡོ་རྗེ་རྒྱ་མཚོ་གི་ཁྱིམ་ནང་ འགྲོ་དོན་པ་སྦེ་ འགྱོ་བའི་སྐབས་ ཁྱིམ་ནང་ སྐུ་གཉིས་མཐོང་སྟེ་ ཨར་རྐུན་འབད་ནིའི་ འཆར་གཞི་རྩམ་པའི་ཤུལ་ལས་ སྤྱི་ཟླ་༨ པའི་ཚེས་༡༡ ལུ་ ཉམས་རྒུད་པའི་ཁྱིམ་ ལྡེ་མིག་རྐྱབ་ཡོདཔ་མཐོང་སྟེ་ ཁྱིམ་གྱི་སྒོ་ཅུང་ནང་ལས་འཛུལ་ཏེ་ འབག་འགྱོ་བའི་ཤུལ་ལས་ ཚལ་མ་ནང་སྦ་བཞག་སྟེ་ དེ་གི་ནངས་པར་ འབྲས་སྤུངས་ལས་ མོང་སྒར་ཚུན་ རྐང་སྟོང་སྦེ་སོང་སྟེ་ ཉེས་འཛུགས་ཅན་ བསོད་ནམས་རྒྱ་མཚོ་ལུ་ སྤྲོད་ཡོདཔ་སྦེ་ བཤད་ཡོདཔ་ཨིན་པས།
ཨིན་རུང་ བསོད་ནམས་རྒྱ་མཚོ་གི་གཡུས་ཁར་ ཨང་རྒས་གྱོངས་སྟེ་ སྐུ་གི་གོང་ཚད་ སྒྲིག་མ་ཚུགས་པའི་བར་ན་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབདཝ་ད་ སྐུ་གཉིསཔོ་དེ་ བཙན་ལེན་འབད་ཡོདཔ་ཨིན་པས།
སྐུ་གཉིསཔ་དེ་ ཉོ་སྟེ་ལོ་༢༠ ལྷགཔ་ཅིག་སོང་ཡོདཔ་ལས་ འབྲུག་གི་བསྒུལ་ཅན་ཅ་རྙིང་གི་བཅའ་ཁྲིམས་༢༠༠༥ དང་འཁྲིལཝ་ད་ ལོ་ངོ་༡༠༠ ཡན་ཆད་འགྱོ་མི་དགོཔ་ལས་ ཅ་རྙིང་གི་གྲས་ཁར་མ་ཚུད་རུང་ དེ་དང་འཁྲིལ་ ཉེས་འཛུགས་འབད་དགོཔ་སྦེ་ ཞུ་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

ཕུན་ཚོགས་གླིང་ལུ་ མི་མང་བརྟག་དཔྱད་ཐེངས་༣ པ་འབད་བའི་བསྒང་ཡོདཔ།

༉ ད་རེས་ནངས་པར་ ཕུན་ཚོགས་གླིང་ལུ་ ནད་ཡམས་ཀོ་བིཌ་-༡༩ ཐོབ་མི་ཡོད་མེད་ཀྱི་ མི་མང་བརྟག་དཔྱད་ཐེངས་༣ པ་དེ་ འགོ་བཙུགས་ཏེ་ཡོདཔ་བཞིན་དུ་ སྤྱི་ཟླ་༦ པའི་ཚེས་༡༠ ལས་ དཔག་བསམ་ཁ་དང་ ཨ་ལེ་-པད་དཀར་ཞིང་ཚུད་མི་ རྒྱ་ཁྱབ་ས་ཁོངས་༣ པ་ལས་ …

Leave a Reply

Your email address will not be published. Required fields are marked *