ལྷ་ཁང་ནང་ ནང་རྟེན་གཙོ་བོ་ ལྷ་མོ་དེ་བི་༥ གི་ སྐུ་འདྲ་ཚུ།

སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་གྱིས་ ཐིམ་ཕུག་ལུ་ ཧིན་དུའི་མཱན་དིར་འགོ་འབྱེད།

༉ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ གསར་བཞེངས་འབད་མི་ དེ་བི་ པཱན་ཅ་ཡཱན་ མཱན་དིར་ཟེར་མི ཧིན་དུའི་ལྷ་ཁང་དེ་ ཁ་ཙ་ སྐུ་སྒེར་ཚོགས་སྡེའི་ཁྲི་འཛིན་ བཙན་བཀབ་རྡོ་རྗེ་གིས་ འགོ་འབྱེད་གནང་ཡི།
ལྷ་ཁང་ནང་ ནང་རྟེན་གཙོ་བོ་ ལྷ་མོ་དེ་བི་༥ གི་ སྐུ་འདྲ་ཡོད་མི་ལུ་གཞི་བཞག་སྟེ་ པཱན་ཅ་ཡཱན་ མཱན་དིར་ཟེར་ མིང་བཏགས་ཡོདཔ་ད་ ད་ལས་ཕར་ ལྷ་ཁང་དེ་ དད་མོས་ཅན་ཚུ་གིས་ མཇལ་ནི་གི་ གོ་སྐབས་འཐོབ་ཚུགས་ནི་ཨིན་པས།
སྐུ་སྒེར་ཚོགས་སྡེའི་ ཁྲི་འཛིན་དེ་ཡང་ མཱན་དིར་གྱི་ འཛུལ་སྒོ་ལས་ པཱན་ཅ་བཱ་ཇ་ཟེར་ ལྷོ་མཚམས་པའི་ སྡེ་ཚན་ཅིག་གིས་ རང་ལུགས་སྙན་ཆ་༥ དཀྲོགས་ཐོག་ལས་དང་ པཱ་ཅ་ཀན་ནི་ཡ་ཟེར་ བུམོ་གཉེན་མ་རྐྱབ་མི་༥ དེ་ལས་ ཧིན་དུ་མི་སྡེ་གིས་ ཆིབས་གྲལ་བཙར་ཏེ་ ལྷ་ཁང་ནང་ གདན་འདྲེན་ཞུ་ཡི།
སྤྱི་ཟླ་༩ པའི་ཚེས་༢༩ ལས་ ཟླ་༡༠ པའི་ཚེས་༡ ཚུན་ པཎ་ཌི་ཏ་༢༡ དང་ ཆོསཔ་ཚུ་གིས་ འགོ་འབྱེད་རྟེན་འབྲེལ་གྱི་ གསུང་ཆོག་གནང་མིའི་ནང་ བྲམ་ཟེ་མེན་པའི་ ཆོསཔ་༢ ཀྱིས་ཡང་ འབྲེལ་གཏོགས་འབད་ནུག།
འབྲུག་ཧིན་དུ་ས་མུ་ཌ་ཡའི་ བཀོད་ཚོགས་ཀྱི་འཐུས་མི་ ཡོ་གཱལ་ ཅན་ཌ་ར་ རཱསི་ལི་གིས་ སླབ་མིའི་ནང་ མཱན་དིར་དེ་ མི་ག་ར་ལུ་ གསོལ་མཆོད་ཕུལ་ནི་གི་ གོ་སྐབས་བྱིན་ཞིནམ་ལས་ མཐོང་སྣང་ལེགས་ཤོམ་ བཟོ་འོང་ཟེར་ཨིནམ་ད་ མཱན་དིར་གསར་བསྒྲུབས་ལུ་བརྟེན་ ཧིན་དུ་མི་སྡེ་ཚུ་གི་དོན་ལུ་ དཔའ་ཉམས་བསྐྱེད་པའི་ དུས་ཚོད་ཅིག་ཨིན་ཟེར་ དགའ་ཚོར་དང་བཅསཔ་སྦེ་ སླབ་ཨིན་པས།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་ལས་ གསོལ་རས་གནང་མི་ མཱན་དིར་དེ་ སྤྱི་ལོ་༢༠༡༢ ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ ཧིན་དུ་མི་སྡེའི་ འཐུས་མི་ཚུ་གིས་ མི་དབང་མཆོག་ལུ་ བཀྲིན་དགའ་ཚོར་ཡོད་ལུགས་ ཞུཝ་ཨིན་པས།
ལས་རིམ་དེ་ནང་ རྒྱལ་ཡོངས་ཚོགས་འདུའི་ཚོགས་དཔོན་དང་ རྒྱལ་ཡོངས་ཚོགས་སྡེའི་ཁྲི་འཛིན་ ཁྲིམས་སྤྱི་བློན་པོ་ བློན་པོ་ལྷན་རྒྱས་ དེ་ལས་ སྤྱི་ཚོགས་ཀྱི་ འཐུས་མི་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཅི།

དཱ་ས་ཡེན་དུས་སྟོན།
ཧིན་དུའི་མཱན་དིར་ འགོ་འབྱེད་འབད་མི་དང་འཁྲིལ་ ད་རིས་ལས་ ལྷ་ཁང་དེ་ནང་ ལོ་བསྟར་དུར་ག་པུ་ཇའམ་ ལྷ་མོ་རྫོང་གཉེན་མའི་ གསོལ་མཆོད་གནང་པའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ དཱ་ས་ཡེན་ཊི་ཀ་སྦྱར་ཐོག་ལས་ འགྲོལ་ནི་ཨིན་པས།
བདུན་ཕྲག་༡ གི་ དུར་ག་པུ་ཇ་ནང་ དད་མོས་ཅན་ཚུ་གིས་ དུར་གའི་ལྷ་མོ་ རྫོང་གཉེན་མ་ལུ་ གསོལཝ་བཏབ་ནི་ཨིནམ་ད་ དཱ་ས་ཡེན་དེ་ ར་མ་གིས་ བདུད་རྒྱལ་ར་བ་ཝ་ན་དང་ ཁོ་གི་ཕོ་སྤུན་ ཀུམ་ཀར་ན་ལས་ རྒྱལ་ཁ་ཐོབ་པའི་ དུས་དྲན་སྦེ་ བརྩི་སྲུང་འབད་དོ་ཡོདཔ་ད་ ཕྱད་མདའ་དེ་ཚུ་ནང་ ལྷ་མོ་དུར་ག་འམ་ རྫོང་གཉེན་མ་གིས་ སྐྱབས་མགོན་མཛད་དེ་ རྒྱལ་ཁ་ཐོབ་ཡོདཔ་སྦེ་ ཡིད་ཆེས་བསྐྱེདཔ་བཞིན་དུ་ དྭ་ས་ཡེན་དུས་སྟོན་སྐབས་ ལྷ་མོ་རྫོང་གཉེན་མ་ལུ་ གསོལ་མཆོད་ཕུལ་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ཨིན་པས།
ལྷ་མོ་དུར་ག་དེ་གི་ སྤྲུལ་པ་གཞན་ཡང་ མ་ཧཱ་ཀ་ལི་དང་ མ་ཧཱ་ས་ར་ས་ཝ་ཏི་ མ་ཧཱ་ལཱཆ་མི་ཟེར་མི་ཡང་ བརྩི་སྲོལ་ཡོདཔ་ཨིན་པས།
ཧིན་དུའི་ལོ་རྒྱུས་ ར་མ་ཡ་ན་ཟེར་མིའི་ ནང་ལས་འབད་བ་ཅིན་ རྒྱལཔོ་ར་མ་ཅཱན་ད་ར་གིས་ ཉིན་གྲངས་༩ གི་རིང་ ལྷ་མོ་དུར་ག་ལུ་ གསོལ་མཆོད་ཕུལ་ཏེ་ གསོལ་བ་བཏབ་པའི་ཤུལ་ལུ་ ཉིནམ་༡༠ ལུ་ མཆོད་ཁང་ནང་ལས་ ཊི་ཀ་བཞེས་ཏེ་ སོང་ཞིནམ་ལས་ བདུད་རྒྱལ་ར་ཝ་ན་ལས་ རྒྱལ་ཁ་ཐོབ་པའི་ དུས་དྲན་སྦེ་ བརྩི་སྲུང་འབདཝ་བཞིན་དུ་ དཱ་ས་ཡེན་དུས་སྟོན་དེ བཟང་པོ་གིས་ ངན་པ་ཕམ་བཏང་པའི་ རྟགས་མཚན་ཅིག་ཨིན་པས།
དཱ་ས་ཡེན་དུས་སྟོན་དེ་ རྒྱལ་ཁབ་ནང་ ཧིང་དུ་མི་སྡེའི་དོན་ལུ་ དུས་སྟོན་གལ་ཅིག་ཨིནམ་ལས་ ཉིནམ་དེ་ཡང་ སྤྱི་ལོ་༡༩༨༠ ལུ་ རྒྱལ་ཡོངས་ཀྱི་ ངལ་གསོ་སྦེ་ བཞག་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *