སྤག་ཤིང་ལག་ལེན་འཐབ་སྟེ་བཟོ་མི་ གནས་སྐབས་ཅིག་གི་ཟམ།

སྐུ་ལྕེ་ཟམ་ འཕྱགས་བདའ་མི་ལུ་བརྟེན་ མི་སེར་ཚུ་ལུ་ རྒྱུན་འགྲུལ་གྱི་དཀའ་ངལ།

བསམ་རྩེ་གདུང་སྟོད་རྒེད་འོག་ ཕུ་ཅན་ན་གཡུས་ཚན་ནང་ སྐུ་ལྕེ་གཙང་ཆུ་གུ་ལས་ གནས་སྐབས་ཅིག་གི་དོན་ལུ་ ལྕགས་ཟམ་ཅིག་ རྐྱབ་མི་དེ་ འཕྱགས་བདའ་མི་ལུ་བརྟེན་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ ཟླཝ་༢ ལྷག་ཡོདཔ་ཨིན་པས།

ད་རུང་ ཟམ་དེ་ བསམ་རྩེ་དང་ ཧཱ་གི་གཞུང་ལམ་༢ པ་དང་ མཐུད་སྦྲེལ་འབད་ཡོདཔ་ལས་ ཧཱ་དགའ་སྐྱིད་གླིང་དང་ གསང་སྦས་ཁ་རྒེད་འོག་༢ དང་ རྒེད་འོག་དེ་གཉིས་ཀྱི་ སྤྱི་འོག་ཚུ་ནང་ཡང་ རྒྱུན་འགྲུལ་འཐབ་མ་ཚུགསཔ་ ཐལ་ཡོད་མི་དེ་ཡང་ དགའ་སྐྱིད་གླིང་གི་ སྤྱི་འོག་༤ དང་ གསང་སྦས་ཁའི་ སྤྱི་འོག་༥ ཨིན་པས།

དགའ་སྐྱིད་གླིང་དགྲ་མེད་ཁ་གཡུས་ཚན་ལས་ མི་གནགཔ་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ ཟམ་མེད་མི་ལུ་བརྟེན་ མི་སེར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པར་ དཀའ་ངལ་སྦོམ་བྱུང་སྟེ་ཡོད་པའི་ཁར་ སོ་ནམ་པ་ཚུ་ ཁོང་རའི་དངུལ་ཐོག་ ཨ་ལཱན་ཅི་ཚུ་ བསམ་རྩེ་ལུ་ འབག་མ་ཚུགས་པར་ ཐོགས་ལུས་ཡོད་ཟེར་ཨིན་པས།

ང་བཅས་ཀྱི་ ཚོང་འབྲེལ་ལུ་ ཐོ་ཕོག་སྟེ་ཡོདཔ་མ་ཚད་ བསམ་རྩེ་ལས་ ཅ་དངོས་དང་ བཟའ་འཐུང་ཉོ་མི་ཚུ་ཡང་ སྐྱེལ་འདྲེན་གྱི་ དཀའ་ངལ་བྱུང་སྟེ་ཡོད་ཟེར་ སྟོབས་རྒྱས་ཀྱིས་ བཤད་པའི་ཁར་ དཀའ་ངལ་སྦོམ་ཤོས་ར་ མི་ཚུ་ན་སྟེ་ སྨན་ཁང་ནང་ འགྱོ་དགོཔ་ཐོནམ་ད་ བྱུངམ་མས་ཟེར་ བཤདཔ་ཨིན་པས།

གདུང་སྟོད་ཀྱི་རྒཔོ་ དམ་ཇར་སིང་རའི་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ཟམ་དེ་ དུས་ཅིའི་གནམ་བྱཱར་གྱི་ ཆར་ཆུ་དང་ གཙང་ཆུ་བྲེས་མི་དེ་གིས་ འཕྱགས་བདའ་ཡོདཔ་བཞིན་དུ་ གནད་དོན་དེ་གི་སྐོར་ལས་ ལམ་སེལ་ལས་ཁུངས་དང་ ཁ་སླབ་ཡོད་རུང་ ད་ལྟོའི་བར་ན་ཡང་ གནས་སྐབས་ཀྱི་ཟམ་དེ་ བཟོ་སྐྲུན་མ་འབད་བར་ཡོད་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ རྒེད་འོག་དེ་གི་ ཕུ་ཅན་ན་གཡུས་ཚན་དེ་ ས་གནས་ག་ཏེ་ལུ་ཡང་ རྒྱུན་འགྲུལ་འཐབ་མ་ཚུགསཔ་ ཐལ་ཏེ་ཡོད་ཟེར་ཨིནམ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་༢༦ དང་ མི་སེར་༢༠༠ དེ་ཅིག་ཡོདཔ་ཨིན་པས།

ལམ་སེལ་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ སཱན་མཱན་ཏ་མང་གིས་ སླབ་མིའི་ནང་ གནས་སྐབས་ཀྱི་ ཟམ་ལོག་རྐྱབ་ནི་གི་ ལཱ་འགོ་བཙུགས་ཏེ་ ཉིནམ་དག་པ་ཅིག་ ཡར་སོ་ཡི་ཟེར་ཨིནམ་ད་ ད་ལྟོའི་ གཙང་ཆུའི་གནས་ཚད་ མར་བབས་སོང་མི་དང་བསྟུན་ ལཱ་འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།

དེ་འབདཝ་ད་ ཆརཔ་རྐྱབ་པ་ཅིན་ གནས་སྐབས་ཀྱི་ཟམ་དེ་ ལོག་འཕྱག་བདའ་ནི་གི་ ཉེན་ཁ་ཡོད་ཟེར་ བཟོ་རིག་འགོ་དཔོན་གྱིས་ བཤདཔ་ཨིན་པས།

ད་ལྟོ་ མི་སེར་ཚུ་ ཕར་ཚུར་འགྱོ་ནིའི་དོན་ལུ་ སྤག་ཤིང་ཚུ་ ལག་ལེན་འཐབ་ཐོག་ལས་ གནས་སྐབས་ཅིག་གི་ ཟམ་བཟོ་སྟེ་ཡོད་པའི་གནས་ཚུལ།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *