༉ ད་ཚུན་ རྫོང་ཁག་༢༠ ནང་ སྐམ་ཞིང་སྟོངམ་ ཨེ་ཀར་༥༣,༣༧༧ ལུས་མི་དེ་ནང་ གལ་སྲིད་ ལོ་ཐོག་འཛུགས་སྐྱོང་འབད་བ་ཅིན་ འབྲུ་སྣའི་རིགས་ ཀེ་ཇི་འབུམ་ལས་བཅད་དེ་ ཐོན་སྐྱེད་འབད་ཚུགས་པའི་ གོ་སྐབས་ཡོདཔ་ཨིན་པས།
སྐམ་ཞིང་ཨེ་ཀར་༥༣,༣༧༧ ནང་ གེ་ཟ་འཛུགས་སྐྱོང་འབད་བ་ཅིན་ མེ་ཊིག་ཊཱོན་༧༨,༦༧༨ དེ་ཅིག་ ཐོན་སྐྱེད་འབད་ཚུགས་ནི་ཨིནམ་ད་ མེ་ཊིག་ཊཱོན་༡ ལུ་ ཀེ་ཇི་༡,༠༠༠ ཡོདཔ་ཨིན་པས།
སོ་ནམ་ལྷན་ཁག་གི་ སྙན་ཞུ་དང་འཁྲིལ་བ་ཅིན་ ད་རེས་ རྒྱལ་ཁབ་ནང་ སྐམ་ཞིང་ཨེ་ཀར་༡༣༧,༩༢༨ དེ་ཅིག་ནང་ ལོ་ཐོག་ཚུ་ འཛུགས་སྐྱོང་འབད་ནི་མེདཔ་ད་ དེའི་གྲས་ལས་ཡང་ ཨེ་ཀར་༥༦,༨༠༥ ནང་ གེ་ཟ་འཛུགས་སྐྱོང་འབད་མི་ལས་ གེ་ཟ་མེ་ཊིག་ཊཱོན་༨༣,༧༡༤ ལས་བརྒལ་ ཐོན་སྐྱེད་འབད་མ་ཚུགས་པས།
མིང་གསང་བཞག་མི་ སོ་ནམ་འགོ་དཔོན་གོངམ་ཅིག་གིས་ སླབ་མིའི་ནང་ ད་རེས་ སྐམ་ཞིང་སྟོངམ་ ཨེ་ཀར་༥༣,༣༧༧ ལུས་མི་དེ་ནང་ ལོ་ཐོག་འཛུགས་སྐྱོང་འབད་བ་ཅིན་ བཟའ་འཐུང་གི་རིགས་ཚུ་ ཕྱི་ཁར་ལས་ ནང་འདྲེན་འབད་མི་དེ་ བརྒྱ་ཆ་༥༠ དེ་ཅིག་ མར་ཕབ་འབད་ཚུགས་པའི་ གོ་སྐབས་ཡོད་རུང་ ས་ཞིང་སྟོངམ་ལུས་མི་དེ་ ལོག་བཟའ་སྤྱོད་འབད་ནིའི་དོན་ལུ་ ཡུན་བརྟན་གྱི་ སྲིད་བྱུས་ལེགས་ཤོམ་ཅིག་ མིན་འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྐམ་ཞིང་སྟོངམ་ལུས་མི་ཚུ་ བཟའ་སྤྱོད་འབད་བཏུབ་ བཟོ་དགོ་པ་ཅིན་ གཞུང་གིས་ དམིགས་གཏད་ངོ་མ་ར་ གློག་ཐག་ར་བ་དེ་ ག་དེ་མང་མང་ བགོ་བཀྲམ་འབད་དགོཔ་ཨིན་རུང་ ད་རེས་ རྫོང་ཁག་མང་ཤོས་ཅིག་ནང་ ཞབས་ཏོག་དེ་ ཁྱབ་མ་ཚུགས་པས་ཟེར་ཨིན་པས།
གེ་ཟ་དེ་ རྫོང་ཁག་མང་ཤོས་ཅིག་ནང་ ལེགས་ཤོམ་སྦེ་ འཚོ་དོ་ཡོདཔ་ལས་ གཞུང་གིས་ ས་ཞིང་སྟོངམ་ལུས་མི་ཚུ་ནང་ གེ་ཟ་འཛུགས་སྐྱོང་འབད་བ་ཅིན་ གེ་ཟ་ཕྱིར་ཚོང་འབད་མི་དེ་གིས་ཡང་ མ་དངུལ་ས་ཡ་ལས་བཅད་དེ་ བཟོ་ཚུགས་ནི་ཨིནམ་མ་ཚད་ རྒྱལ་ཁབ་ནང་འཁོད་ལུ་ ཚོང་འབྲེལ་འབད་རུང་ ནོར་སེམས་ཅན་ཚུ་གི་ ཆག་བཟོ་བཏུབ་དོ་ཡོདཔ་ལས་ འོང་འབབ་བཟོ་ཚུགས་པའི་ གོ་སྐབས་འདུག།
སྐམ་ཞིང་སྟོངམ་ ཡོངས་བསྡོམས་ཨེ་ཀར་༥༣,༣༧༧ ལུས་ས་ལས་ མཐོ་ཤོས་ པདྨ་དགའ་ཚལ་ལུ་ ཨེ་ཀར་༨,༥༧༦ ཡོདཔ་ད་ དེའི་ཤུལ་ལས་ར་ བཀྲིས་སྒང་ལུ་ ཨེ་ཀར་༦,༧༢༠ མོང་སྒར་ལུ་༦,༠༧༥ དེ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཨེ་ཀར་༥,༣༩༧ ཡོད་མི་ལུ་བལྟ་བ་ཅིན་ སྐམ་ཞིང་སྟོངམ་དེ་ མང་ཤོས་ཅིག་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ཨིན་པས།
སོ་ནམ་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ས་ཞིང་སྟོངམ་ ལུས་མི་དེ་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་མེདཔ་བཏང་ནི་དེ་གིས་ སོ་ནམ་པ་ཚུ་གིས་ ལཱ་འབད་མ་བཏུབ་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
རྒྱུ་རྐྱེན་གཞན་ཡང་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ ལཱ་གཡོག་གི་ གོ་སྐབས་མངམ་མེདཔ་ལས་ མི་ཚུ་གིས་ ལཱ་གཡོག་འཚོལ་ནིའི་དོན་ལུ་ ཁྲོམ་ཁར་གནས་སྤོ་འོང་པའི་སྐབས་ ས་ཞིང་ཚུ་ སྟོངམ་ལུས་དོ་ཡོདཔ་ད་ ད་རེས་ གུང་སྟོང་གི་གནས་ཚད་བལྟ་རུང་ མཐོ་ཤོས་དེ་ བཀྲིས་སྒང་དང་ མོང་སྒར་ དེ་ལས་ པདྨ་དགའ་ཚལ་ ལ་སོགས་ཚུ་ནང་ཡོདཔ་ཨིན་པས།
སྐམ་ཞིང་སྟོངམ་ ཉུང་ཤོས་དེ་ མགར་ས་ལུ་ ཨེ་ཀར་༧ ལས་བརྒལ་མེད་མི་དེ་ཡང་ མགར་སར་དེ་ ས་ཁ་མཐོ་སར་འབདཝ་ལས་ བཟའ་སྤྱོད་འབད་བཏུབ་པའི་ས་ཞིང་ ལེ་ཤ་མེདཔ་ཨིན་པས།
ཨིན་རུང་ བཟའ་སྤྱོད་ལེགས་ཤོམ་ འབད་བཏུབ་པའི་གྲས་ལས་ ཉུང་ཤོས་དེ་ ཐིམ་ཕུག་ལུ་ ཨེ་ཀར་༡༧༧ དང་ སྤ་རོ་ལུ་ ཨེ་ཀར་༤༤༠ སྤུ་ན་ཁ་ལུ་ ཨེ་ཀར་༤༥༤ དེ་ལས་ དབང་འདུས་ལུ་ ཨེ་ཀར་༩༩༢ ལས་བརྒལ་མེད་མི་དེ་ རྫོང་ཁག་ཚུ་ནང་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོད་སྐྱོན་རྐྱབ་ནི་མེད་མི་དེ་ གདོང་ལེན་གྱི་ ཐབས་ཤེས་ལེགས་ཤོམ་ཡོདཔ་མ་ཚད་ སོ་ནམ་གྱི་ ལཱ་ལུ་བརྟེན་ ཚོང་འབྲེལ་གྱི་གོ་སྐབས་ཡང་ མངམ་ཡོད་ནི་དེ་གིས་ཨིན་པས།
ལྷོ་མཚམས་རྫོང་ཁག་ཚུ་ནང་འབད་བ་ཅིན་ ཤར་ཕྱོགས་དང་ ནུབ་ཕྱོགས་རྫོང་ཁག་ཚུ་དང་ཕྱདཔ་ད་ བར་ནང་འཚམས་ཅིག་ཨིནམ་ད་ ད་རེས་ སྐམ་ཞིང་སྟོངམ་ལུས་མི་ཚུ་ ལོག་བཟའ་སྤྱོད་འབད་བཏུབ་བཟོ་ནིའི་དོན་ལུ་ ཐབས་ཤེས་བཏོན་དགོཔ་ ཡོད་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།