ལོ་༤ གི་རྒྱབ་ལས་ བརྩི་སྲུང་འབད་མི་ སྐམ་དར་སྤྱི་འོག་གི་ ལྷ་གསོལ་སྐབས་ བྲོ་མཆོངས་རྐྱབ་པའི་བསྒང་།

སྐམ་དར་སྤྱི་འོག་གི་ ལམ་སྲོལ་ལུ་བརྟེན་པའི་ རྩོད་རྙོགས་ནང་ རྩོད་ཟླ་གིས་ ད་རིས་བརྒལ་ལན་༢ པ་ཕུལ་ནི།

ལྷུན་རྩེ་རྫོང་ཁག་ཁྲིམས་ཀྱི་འདུན་སར་ སྨན་སྦིས་རྒེད་འོག་ སྐམ་དར་སྤྱི་འོག་གི་ རྩོད་རྩ་གུང་པ་༢༤ དང་ རྩོད་ཟླ་༡ གི་བར་ན་ རྩོད་གཞི་ཕྱེ་བའི་བསྒང་ཡོད་མིའི་ནང་ ད་རིས་ རྩོད་ཟླ་དེ་གིས་ བརྒལ་ལན་༢ པ་ ཕུལ་ནི་ཨིན་པས།

རྩོད་ཟླ་ཤེས་རབ་སྒྲོལ་མ་གིས་ བརྒལ་ལན་དང་པ་ ཕུལ་མིའི་ནང་ ཁྲལ་གྱི་ཐད་ཁར་ གཙོ་བོ་ཁྲལཔ་གུང་པ་༨ དང་ ཁྲལ་རུབ་འབག་མི་ཚུ་ལུ་ ཕོགཔ་མ་གཏོགས་ གྲྭ་ཟུར་མེད་པར་ཕོག་མི་ ཁྲལ་ཅིག་མེན་ཟེར་ཨིནམ་ད་ བྲོ་དཔོན་ཟེར་ བྲོའི་གདངས་དབྱངས་འཐེན་མི་ མོ་གི་ཨ་པ་དེ་ ཟུར་པ་ཨིན་ཟེར་ཨིན་པས།

ཨིན་རུང་ ཨ་པ་གིས་ གཡུས་ཁའི་ལྷ་གསོལ་ཅིག་ཨིནམ་ལས་ ལྕོགས་གྲུབ་ཡོད་པའི་སྐབས་ བྲོ་དཔོན་སྦེ་ ཕྱག་ཞུཝ་མ་ཚད་ ཐ་ན་ ལག་པར་འཁརཝ་བཙུགས་ཏེ་འབད་རུང་ ཕྱག་ཞུ་ཡི་ཟེར་ཨིན་པས།

ལོ་དག་པ་ཅིག་གི་ཧེ་མར་ མོ་གི་ཨ་པ་དེ་ བྲོ་དཔོན་སྦེ་ཐོན་པའི་སྐབས་ ལྟོ་གོས་༢ ཁྲལ་པ་གང་རུང་ཅིག་གིས་ ལས་མི་སྦེ་ འཚོལ་ཏེ་ བྱིན་ཡོདཔ་མ་གཏོགས་ གུང་པ་༨ བཟུམ་སྦེ་ ཁྲལ་ཕོག་པའི་ལོ་རྒྱུས་མེད་པའི་ཁར་ ཕ་ལས་བུ་དང་ བུ་ལས་ཚ་ཚུན་ འབད་དགོ་པའི་རྒྱབ་ཁུངས་ཀྱི་ གན་ཡིག་ཚུ་ ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

རྩོད་ཟླ་གིས་ ཞུ་མིའི་ནང་ ཁྱིམ་ཚང་ཚུ་གི་བར་ན་ དཀའ་ངལ་སེལ་ཐབས་ལུ་ ཕོ་རྒནམ་དགེ་སློང་གིས་ རྒེད་འོག་བདག་སྐྱོང་ལུ་ སྙན་ཞུ་ཕུལ་ཏེ་ ལན་ཐེངས་མང་རབས་ཅིག་ གྲོས་བསྟུན་འབད་རུང་ གྲོས་འཆམ་འབྱུང་མ་ཚུགས་པར་ ལུས་སོ་ཡི་ཟེར་ཨིན་པས།

མོ་ར་ ཨམ་སྲུ་མོ་རེང་མོ་ཅིག་ཨིནམ་ལས་ ཁ་རུབ་རྐྱབ་སྟེ་ དབང་བཙོང་གི་ཐོག་ལས་ ཁྲལ་བཀལ་ནི་འབདཝ་མས་ཟེར་ ཞུ་ནུག།

ལྷག་པར་དུ་ ཨ་པའི་མིང་ དཀར་མདོག་ཚེ་རིང་ཟེར་ ཁྲིམས་འདུན་ལུ་ དབང་བཙོང་ཐོག་ ཞུ་ཡིག་ཕུལ་མི་ལུ་གཟིགས་རུང་ མཁྱེན་ཚུགས་ཟེར་ ཞུ་ཡོདཔ་མ་ཚད་ གལ་སྲིད་ མི་བརྒྱུད་བདའ་སྟེ་ འབད་དགོ་པ་ཅིན་ ཨཔ་དཀར་མདོག་ཚེ་རིང་གི་ མི་བརྒྱུད་འཚོལ་ཏེ་ བསྐོ་བཞག་འབད་ནི་མ་གཏོགས་ ཨཔ་དཀར་མདོག་ལའི་བུམོ་ ཉེས་མེད་ཁྲིམས་སར་ བསྐྱལ་དགོ་པའི་ གནད་དོན་གཅིག་ ག་ནི་ཡང་མ་མཐོང་ཟེར་ སྤྱི་ཟླ་༨ པའི་ཚེས་༣༡ ལུ་ བརྒལ་ལན་ནང་ བཀོད་ནུག།

དེ་གི་ལན་ལུ་ སྐམ་དར་སྤྱི་འོག་ མཁར་གཞོང་ཁྲལ་པ་ དམངས་ཀྱི་ངོ་ཚབ་སྦེ་ གཙོ་བོ་༤ གིས་ ཞུ་མིའི་ནང་ ལོ་བསྟར་བཞིན་དུ་ རང་ཟླ་༧ པའི་ནང་ བྲོ་རྐྱབ་སྲོལ་ཡོད་མི་དེ་ རྐྱབ་མ་བཏུབ་པར་ ལུས་ཡོད་པའི་སྐོར་ལས་ དབྱེ་བཤེར་གྱི་དོན་ལུ་ བཤེར་ཡིག་ཕུལ་མིའི་ནང་ བྲོ་རྐྱབ་ནི་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ ཕ་ཤུལ་བུ་གིས་བཟུང་སྟེ་ བརྩི་མི་ལུ་བརྟེན་ ལུང་པ་ལུ་ ལོ་ཕྱུགས་རྟག་ཏུ་ལེགས་ ཆར་ཆུ་དུས་སུ་འབབ་ ནད་ཡམས་མུ་གེ་ཚུ་ ཞི་ནུག་ཟེར་ཨིན་པས།

ལྷག་པར་དུ་ གཡུས་ཁའི་ལྷ་གསོལ་དོན་ལུ་ བརྩི་མཐོང་བསྐྱེད་དེ་ རང་སོའི་འགན་འཁྲི་ཕོག་པའི་ ཁྲལ་པ་ཚུ་གིས་ ཉོགས་བཤད་མེད་པར་ ཕྱག་ཞུ་ཡོདཔ་མ་གཏོགས་ ད་རེས་བཟུམ་སྦེ་ དོན་མེད་ཀྱི་ཁྲལ་པ་དང་ གྲྭ་ཟུར་པ་ཨིན་ཟེར་ ཉོགས་བཤད་མེདཔ་མ་ཚད་ ཁྲལ་པ་མིན་པའི་ ཁྲལ་ཨིན་པ་ཅིན་ དང་ཕུ་ལས་ར་ གནད་དོན་ག་ཅི་ལུ་བརྟེན་ ཁྲལ་གྱི་དོན་ལུ་ བྲོ་དཔོན་འབད་ཕྱག་ཞུ་སྟེ་ཡོད་གའི་ ཁུངས་བསྐྱལ་དགོ་ཟེར་བཀོད་ནུག།

ཁྲལ་པ་ག་གིས་ གསོལ་བཏབ་སྟེ་ བྲོ་དཔོན་བསྐོ་བཞག་དང་ རྩིས་སྤྲོད་འབད་ཡོདཔ་ཨིན་ན་ ཁ་གསལ་བཀོད་དགོ་ནི་དང་ དེ་མིན་ ཕ་ཚབ་བུ་ལས་འཐོན་ཐབས་མེད་རུང་ གཞན་མི་ཚུ་ལུ་ གླ་འཐུས་སྤྲོད་དེ་ ལྟོ་གོས་ཆོས་༣ སྤྲོད་དེ་ འབད་སྲོལ་ཡོད་ཟེར་བཀོད་ནུག།

སྔར་སྲོལ་གྱི་ ལམ་ལུགས་བཟངམོ་ཅིག་ཨིནམ་ལས་ ཉམས་མ་བཅུག་པར་ བདག་འཛིན་འཐབ་ནི་དང་ དང་ཕུ་ལས་ བརྩི་སྲོལ་ཡོདཔ་བཞིན་དུ་ ལུང་པ་ལུ་ བྱ་སྟབས་བདེ་ནི་དང་ རྐྱེན་ངན་སེལ་ནི་ལུ་དམིགས་ཏེ་ མི་དམངས་སྤྱི་མགྲིན་ཐོག་ རིམ་གྲོ་དང་འདྲ་བའི་ གསོལ་མཆོད་ཕུལ་དགོཔ་དེ་ ངེས་བདེན་ཨིན་ཟེར་བཀོད་ནུག།

རྩོད་རྩ་ཚུ་གིས་འབད་བ་ཅིན་ དང་ཕུ་ བྲོ་དཔོན་དཀར་མདོག་ལ་གི་ ཕམ་རིམ་བརྒྱུད་སྐབས་ བྲོ་དཔོན་གྱི་ཐོབ་ལམ་སྦེ་ ས་ཆ་ཁག་༣ ཡོད་མི་དེ་ ད་རེས་ ཨཔ་དཀར་མདོག་ལ་གི་ཁྲམ་ནང་ བཀོད་ཚར་མི་ལུ་བརྟེན་ ཁྲལ་ལས་ཟུར་ཐབས་ཀྱི་དོན་ལུ་ ཉོགས་བཤད་བཀོད་ནི་འདུག་ཟེར་ བརྒལ་ལན་འབད་ནུག།

སྤྱི་ཟླ་༨ པའི་ཚེས་༢༤ ལུ་ རྩོད་རྩ་ཚུ་གིས་ ཁྲིམས་འདུན་ལུ་ ཞུ་ཡིག་ཕུལ་མིའི་ནང་ རང་ཟླ་༧ པའི་ཚེས་༡༤ ལུ་ ས་གནས་སྦལཔ་ཟོར་ ཙན་དན་ཤིང་གི་རྩ་བ་དང་ ཟླ་༧ པའི་ཚེས་༡༥ ལུ་ སྤྱི་འོག་༢ ཀྱི་ལྷ་ཁང་ སྟག་སྐད་ལ་གུ་རུའི་གདོང་ཁར་ ལྷ་མོ་དང་ མགོན་པོ་༢ ཀྱི་ སྐུ་འཆམ་དང་བཅས་ བྲོའི་གདངས་དབྱངས་འཐེན་ཏེ་ ལེའུ་བསྒྱུར་ནི་ཡོད་ཟེར་ཨིན་པས།

དེ་བསྒང་ བྲོ་དཔོན་ ཨཔ་དཀར་མདོག་ལ་གིས་གཙོས་པའི་ ཕོ་སྐྱེས་༥ དང་ ཨམ་སྲུ་༥ ཐོན་ཏེ་ བྲོའི་མདངས་དབྱངས་འཐེན་ པའི་དུས་ཚོད་ལུ་ ལྷ་གསོལ་ཕུལ་ནི་དེ་ བྲོ་དཔོན་གྱིས་ འགོ་འདྲེན་འཐབ་ཐོག་ ཉིན་གྲངས་༢ ཀྱི་རིང་ བརྩི་བའི་སྐབས་ ཁྲལཔ་གུང་པ་༢༥ གིས་ མཉམ་རུབ་ཐོག་ལས་ ལམ་སྲོལ་བཟུང་ནི་ཡོད་ཟེར་ཞུ་ནུག།

ཨིན་རུང་ སྤྱི་ལོ་༢༠༡༤ ལས་ཚུར་ ཨཔ་དཀར་མདོག་ལ་གིས་ ལྕོགས་གྲུབ་མེད་ཟེར་ ཉོགས་བཤད་བཀོད་དེ་ བཅའ་མར་གཏོགས་མ་བཏུབ་མི་ལུ་བརྟེན་ ལོ་༤ ལང་ཡི་ཟེར་ཨིནམ་ད་ རྒེད་འོག་དང་ རྫོང་ཁག་ནང་ གསུང་གྲོས་གནང་རུང་ ཉན་མ་བཏུབ་ལས་ ལུང་པ་ལུ་ དཀའ་ངལ་འཐོན་ནིའི་ ཉེན་ཁ་འདུག་ཟེར་བཀོད་ནུག།

ཨིན་རུང་ དུས་ཅི་ རྒེད་འོག་བདག་སྐྱོང་གིས་ འཆར་གཞི་དང་ ལས་རིམ་ཚུ་བརྩམས་ཏེ་ ལམ་སྲོལ་ཉམས་མི་ཚུ་ ལོག་རྐྱབ་དགོཔ་སྦེ་ མི་སེར་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ འོག་མཁར་ཞལ་ངོ་ཟེར་ སྟག་མོ་ཆུ་དང་ ཕ་གི་དུང་སྤྱི་འོག་༢ ཀྱི་ མི་སེར་ཚུ་གིས་ བྲོའི་གདངས་དབྱངས་འཐེན་ནི་དང་ འཆམ་ཚུ་ མི་དམངས་ལུ་ མཇལ་ཁ་གནང་ཡོད་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *