སོ་ནམ་སྡེ་ཚན་ སྣང་མེད་བཞག་པའི་བརྡ་མཚོན།

༉ འབྲུག་གིས་ ལོ་ལྔའི་འཆར་གཞི་དང་པ་ལས་ཚུར་ བཟའ་སྤྱོད་རང་འཚོ་རང་ལྡང་ བཟོ་ནིའི་དོན་ལུ་ བརྩོན་ཤུགས་བསྐྱེད་ཡོདཔ་བཞིན་དུ་ རྒྱལ་ཁབ་ནང་ འཆར་གཞི་གོང་འཕེལ་འགོ་བཙུགས་ཏེ་ ལོ་ངོ་༥༠ ལྷགཔ་ཅིག་གི་ཤུལ་ལས་ ང་བཅས་ཀྱིས་ ཆུམ་བརྒྱ་ཆ་༤༧ རྐྱངམ་གཅིག་ རང་ལྡང་བཟོ་ཚུགས་ཏེ་ཡོདཔ་ཨིན།
ད་རེས་ནངས་པར་ སོ་ནམ་སྡེ་ཚན་གྱི་ གནས་སྟངས་ལུ་ བལྟ་བ་ཅིན་ འབྲུག་འདི་ སོ་ནམ་ལུ་བརྟེན་པའི་ རྒྱལ་ཁབ་ཅིག་ཨིན་རུང་ སོ་ནམ་སྡེ་ཚན་ལུ་ གཙོ་རིམ་དང་ བརྩི་མཐོང་བསྐྱེད་ནི་མེདཔ་བཟུམ་སྦེ་ གསལ་སྟོན་འབད་དོ་ཡོདཔ་ད་ སོ་ནམ་གྱི་ ལཱ་འབད་མི་ བརྒྱ་ཆ་༥༧ ཡོད་རུང་ ད་རེས་འབདཝ་ད་ ལས་མི་ལངམ་མེད་པའི་ གདོང་ལེན་བྱུང་སྟེ་འདུག།
མ་གཞི་ སོ་ནམ་གྱི་ལཱ་ཚུ་ འཕྲུལ་ཆས་ལག་ལེན་ཐོག་འབད་ནི་གི་ བརྩོན་ཤུགས་བསྐྱེདཔ་ཨིན་རུང་ དཔལ་འབྱོར་གྱི་ རྒྱབ་རྟེན་ངོ་མ་ཅིག་སྦེ་ ཆ་བཞག་མི་ སོ་ནམ་དེ་ གོམ་པ་མདུན་ཕྱོགས་ལུ་ སྤོ་ནི་མེན་པར་ རྒྱབ་ཁར་ལུསཔ་ཨིན་མས།
ལོ་ལྔའི་འཆར་གཞི་༤ པ་ཚུན་ཚོད་ སོ་ནམ་སྡེ་ཚན་ནང་ འཆར་དངུལ་འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་འབད་ཡོདཔ་ད་ སྤྱི་ལོ་༡༩༧༦ ལུ་ འགོ་བཙུགས་མི་ འཆར་གཞི་༤ པའི་ནང་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༢༣ སོ་ནམ་སྡེ་ཚན་ལུ་ བྱིན་ཡོད་རུང་ དེ་གི་ཤུལ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་སྡེ་ཚན་ནང་ མ་དངུལ་བགོ་བཀྲམ་འབད་ནི་ཚུ་ མར་བབས་སོང་ནུག།
སྤྱི་ལོ་༡༩༨༡ ལུ་ འཆར་གཞི་༥ པ་འགོ་བཙུགསཔ་ད་ འཆར་དངུལ་ཡོངས་བསྡོམས་ལས་ བརྒྱ་ཆ་༧ རྐྱངམ་གཅིག་ སོ་ནམ་གྱི་དོན་ལུ་ བཞག་མི་དེ་ འདས་པའི་འཆར་དངུལ་ལས་ གསུམ་ལྟབ་ལྷགཔ་ཅིག་ མར་བབས་སོང་ཡོདཔ་ད་ འཆར་གཞི་༦ པའི་ནང་ འཆར་དངུལ་བརྒྱ་ཆ་༩.༢ དང་ འཆར་གཞི་༧ པའི་ནང་ འཆར་དངུལ་བརྒྱ་ཆ་༡༦ ཡར་སེང་སོང་ཡོད་རུང་ འཆར་གཞི་༨ པའི་ནང་ བརྒྱ་ཆ་༡༢ མར་བབས་སོང་ཞིནམ་ལས་ཚུར་ འཆར་དངུལ་བགོ་བཀྲམ་དེ་ འཕྲོ་མཐུད་དེ་ར་ མར་བབས་སོང་ནུག།
དེ་ཡང་ འཆར་གཞི་༩ པའི་ནང་ འཆར་དངུལ་བརྒྱ་ཆ་༦.༥ བགོ་བཀྲམ་འབད་བའི་ཁར་ འཆར་གཞི་༡༠ པའི་ནང་ བརྒྱ་ཆ་༥.༦ ལུ་ མར་བབས་སོང་ཡོདཔ་ད་ ད་ལྟོའི་འཆར་གཞི་ནང་ བརྒྱ་ཆ་༦.༣ བགོ་བཀྲམ་འབད་མི་དེ་ ལོ་ངོ་༥༢ ཀྱི་ཧེ་མར་ འཆར་གཞི་དང་པ་འགོ་བཙུགསཔ་ད་ འཆར་དངུལ་བརྒྱ་ཆ་༦.༢ སོ་ནམ་གྱི་དོན་ལུ་ བཞག་མི་དང་ ཧ་ལམ་འདྲན་འདྲ་འཚམས་ཨིན་མས།
སོ་ནམ་སྡེ་ཚན་ནང་ མ་དངུལ་བགོ་བཀྲམ་འབད་ནི་དེ་ གནད་འགག་ཅན་ཅིག་ཨིནམ་ད་ ད་རེས་ནངས་པར་ རྒྱལ་ཁབ་ནང་ དོ་འགྲན་སྦོམ་ཤོས་ར་ མི་དང་ རི་དྭགས་སེམས་ཅན་ཚུ་གི་བར་ན་ བྲེལ་ཟིང་བྱུང་མི་དང་ ཞིང་ཆུ་དང་ སོ་ནམ་གྱི་ ལཱ་འབད་མི་ ལངམ་མེད་པའི་དཀའ་ངལ་ དེ་ལས་ བཟའ་སྤྱོད་ཀྱི་རིགས་ ནང་འདྲེན་ཡར་སེང་འགྱོ་མི་ལུ་བརྟེན་ སོ་ནམ་གོང་འཕེལ་ལུ་ ཐོ་ཕོག་སྟེ་ཡོདཔ་ཨིན། སོ་ནམ་སྡེ་ཚན་ནང་ ལཱ་གཡོག་གི་ གོ་སྐབས་བཟོ་ནི་དང་ མི་སེར་ཚུ་ རང་འཚོ་རང་ལྡང་བཟོ་ནིའི་ནང་ སྐབས་ཅིག་ལས་ སྣང་མེད་བཞག་དོ་བཟུམ་མའི་ ཚོར་སྣང་བྱུང་ཡི།
རྒྱལ་ཡོངས་རྩིས་འཛིན་རྩིས་དཔྱད་༢༠༡༧ ཅན་མ་དང་འཁྲིལཝ་ད་ སོ་ནམ་དང་ སྒོ་ནོར་ ནགས་ཚལ་ཚུ་ཚུད་མི་ སྡེ་ཚན་གྱི་འཕེལ་ཚད་ བརྒྱ་ཆ་༣.༦༥ ཨིན་མི་དེ་ སྤྱི་ལོ་༢༠༡༥ ལུ་ འཕེལ་ཚད་བརྒྱ་ཆ་༥.༠༧ དང་ཕྱདཔ་ད་ མར་བབས་སོང་ནུག། སྡེ་ཚན་དེ་གིས་ སྤྱི་ལོ་༢༠༡༦ ལུ་ སྤྱིར་སྙོམས་ནང་འཁོད་ཐོན་སྐྱེད་འཕེལ་ཚད་ལུ་ བརྒྱ་ཆ་༠.༤༦ ལྷན་ཐབས་འབད་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེའི་ སྲིད་བྱུས་བསྐྱར་ཞིབ་འབདཝ་ད་ སོ་ནམ་སྡེ་ཚན་གྱིས་ སྤྱི་ལོ་༢༠༠༤ ལུ་ ནང་འཁོད་ཐོད་སྐྱེད་ལུ་ བརྒྱ་ཆ་༢༤ ལྷན་ཐབས་འབད་མི་དེ་ སྤྱི་ལོ་༢༠༡༣ ལུ་ བརྒྱ་ཆ་༡༦ ལུ་ མར་བབས་སོང་ཡོད་པའི་ མངོན་གསལ་བྱུང་ནུག།
བརྟག་དཔྱད་གྲུབ་འབྲས་ཚུ་ གསརཔ་མེན་རུང་ སྲིད་བྱུས་རྩམ་མི་ཚུ་ལུ་ བརྡ་དོན་སྤྲོད་ནི་མེདཔ་བཟུམ་སྦེ་ མཐོང་སྣང་བྱུང་དོ་ཡོདཔ་ད་ ང་བཅས་ནང་འདྲེན་འབད་མི་ བཟའ་སྤྱོད་ཚུ་ལུ་ བརྟེན་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༥ ལུ་ ཆུམ་བརྒྱ་ཆ་༤༧ ནང་འཁོད་ལས་ ཐོན་སྐྱེད་འབད་མིའི་ ཚད་གཞི་དེ་ འགྱུར་ལྡོག་མེད་པར་ གནས་ཡོད་མི་ལུ་ བལྟ་བ་ཅིན་ ལོ་༣ གྱི་ནང་འཁོད་ལུ་ ཆུམ་གྱི་རང་ལྡང་ བརྒྱ་ཆ་༦༠ ལུ་ བཟོ་ནི་དེ་ གདོང་ལེན་སྦོམ་ཅིག་ འོང་ནི་མས།
ད་ལྟོ་ འབྲུག་གིས་ ལོ་ལྔའི་འཆར་གཞི་༡༢ པའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་པའི་ ནམ་དུས་ལུ་ སོ་ནམ་སྡེ་ཚན་ བདག་མེད་སྦེ་ རྒྱབ་སྐྱུར་བཞག་མི་ལས་ཐོབ་མི་ ཉམས་མྱོང་ཚུ་ལས་ ལྷབ་སྦྱང་འབད་དགོཔ་བཞིན་དུ་ ད་ལས་ཕར་ ང་བཅས་ཀྱིས་ སོ་ནམ་སྡེ་ཚན་དེ་ སྣང་མེད་སྦེ་ བཞག་ཐབས་མེདཔ་ཨིན།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *