སོ་ནམ་ལྷན་ཁག་གིས་ ཀེ་བ་ཚུ་ ཡོངས་འབྲེལ་ཐོག་ལས་བཙོང་ནི་ལུ་བརྩོན་ཤུགས།

༉ འདས་པའི་རེས་གཟའ་སྤེན་པ་ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ དྲི་བཀོད་ལས་རིམ་སྐབས་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ ལྷན་ཁག་གི་ ཁ་ཐུག་ལས་ སོ་ནམ་པ་ཚུ་གིས་ ཀེ་བ་ཚུ་ ཡོངས་འབྲེལ་ཐོག་ལས་ བརྒྱ་ཆ་༣༠ དེ་ཅིག་ ཚོང་འབྲེལ་འཐབ་ཚུགས་པའི་ ཐབས་ལམ་ཚུ་ བཏོན་ཏེ་ཡོད་ཟེར་ཞུ་ཡི།

དེ་ཡང་ བུམ་ཐང་ཆུ་སྨད་-ཨུ་རའི་འཐུས་མི་ ཚེ་དབང་འགྱུར་མེད་ཀྱིས་ ཀེ་བའི་ཚོང་འབྲེལ་འཐབ་མི་ སོ་ནམ་པ་ཚུ་ལུ་ ན་ཧིང་བཟུམ་ རྒུད་མ་ཕོགཔ་སྦེ་ ཚོང་འབྲེལ་འབད་ཚུགས་པའི་ཐབས་ལམ་ ག་ཅི་ར་ བཏོན་ཏེ་ཡོད་ག་ཟེར་ ཞུ་བའི་ལན་ལུ་ཨིན་པས།

འཐུས་མི་ཚེ་དབང་འགྱུར་མེད་ཀྱིས་འབད་བ་ཅིན་ ན་ཧིང་ སོ་ནམ་པ་ཚུ་ ཀེ་བ་བཙོང་ནིའི་དོན་ལུ་ ཕུན་ཚོགས་གླིང་ལུ་འབག་འགྱོཝ་ད་ བཙོང་མ་ཚུགས་པའི་ དཀའ་ངལ་སྦོམ་བྱུང་པའི་ཁར་ ཀེ་བ་ཚུ་ཕད་ཙེ་ནང་ར་ བཞག་དགོཔ་ཐོན་ནུག་ཟེར་ཨིན་པས།

སོ་ནམ་བློན་པོ་གིས་ སོ་ནམ་པ་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་སྣ་ཚོགས་བཏོན་ཏེ་ཡོད་མིའི་ནང་ལས་ སྤྱི་ལོ་༢༠༡༦ ལས་ ཡོངས་འབྲེལ་ཐོག་བཙོང་ནིའི་ ལམ་ལུགས་འགོ་བཙུགས་མི་དེ་གིས་ ཀེ་བ་འཛུགས་སྐྱོང་འབད་མི་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་པའི་ཁར་ གོང་ཚད་ཡང་ ལེགས་ཤོམ་འཐོབ་སྟེ་འདུག་ཟེར་ཞུ་ཡི།

ཡོངས་འབྲེལ་ཐོག་ལས་ བཙོང་ནིའི་དོན་ལུ་ མི་སེར་ཚུ་གིས་འབད་རུང་ ཀེ་བ་ཚུ་ ཕྱིར་སེལ་འབད་དེ་བཙུགས་དགོཔ་ ཁག་ཆེ་ཟེར་ཨིནམ་ད་ མི་སེར་ཚུ་གི་ ཕན་ཐབས་ལུ་ དངུལ་ཀྲམ་ས་ཡ་༡༤ དེ་ཅིག་གནས་པའི་ ཀེ་བ་གནས་ཚད་བཟོ་ཐབས་ འཕྲུལ་ཆས་དེ་ཡང་ ཉོ་ཡི་ཟེར་ སོ་ནམ་བློན་པོ་གིས་ཞུ་ཡི།

བློན་པོ་གིས་ སྟབས་མ་བདེཝ་དེ་ ཀེ་བ་བཙོང་མ་ཚུགས་པའི་ དཀའ་ངལ་མེན་པར་ ཀེ་བ་ཚུ་ག་ར་ རིན་བསྡུར་འབད་སའི་ ས་ཁོངས་ནང་ སྟབས་གཅིག་ཁར་བཙོང་པར་ འབག་འོང་མི་དེ་ཨིན་མས་ཟེར་ ཞུ་བའི་ཁར་ ལྷན་ཁག་གིས་ ཀེ་བ་གསོག་འཇོག་སྦེ་བཞག་སར་མེད་པའི་ དཀའ་ངལ་དེ་ཡང་ ཐབས་ལམ་སྒྲིག་སྟེ་ཡོད་ཟེར་ཞུ་ཡི།

བདུན་ཕྲག་གཉིས་ཀྱི་ཧེ་མར་ སོ་ནམ་དང་ ཚོང་འབྲེལ་མཉམ་འབྲེལ་ལས་ཁུངས་དང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ དབང་འདུས་རྫོང་ཁག་ ཕོབ་སྦྱིས་ཁ་དང་ སྦྱེ་ནག་ ཆུ་ཁ་སྐྱབས་ཆ་ བུམ་ཐང་ཆུ་སྨད་དང་ ཨུ་ར་དང་ སྟང་ཚུ་ནང་ གཞུང་གི་འཆར་གཞི་ཚུ་ ག་དེ་སྦེ་ར་ཡོདཔ་ཨིན་ནའི་སྐོར་ལས་ གསལ་བཤད་འབད་ནིའི་དོན་ལུ་ འགོ་དཔོན་ཚུ་ བཏང་ཡི་ཟེར་ བློན་པོ་གིས་ ཞུ་ཡི།

ལྷན་ཁག་གིས་ ཕུན་ཚོགས་གླིང་ཁྲོམ་སྡེ་ལས་ ས་ཆ་གླ་ཁར་ལེན་ཏེ་ ཨ་མོ་ཆུ་གཙང་ཆུའི་ཉེ་འདབས་ལུ་ དོ་འབག་མི་ སྣུམ་འཁོར་ཊཱག་༣༠༠ དེ་ཅིག་ཤོང་མི་ ས་ཁོངས་བཟོ་བའི་བསྒང་ཡོདཔ་བཞིན་དུ་ ཕུན་ཚོགས་གླིང་ལུ་ བསིལ་ལྡན་གྱི་ ཀེ་བ་བཞག་ས་དེ་ཡང་ སྒེར་མི་ལས་ ལྷན་ཁག་གིས་ ལེན་ཡོདཔ་ལས་ སོ་ནམ་པ་ཚུ་ལུ་ གླ་ཁར་གཏང་ནི་ཟེར་ཞུ་ཡི།

རྒྱལ་ཁབ་ནང་ སོ་ནམ་པ་༣༤,༠༠༠ དེ་ཅིག་གིས་ ཀེ་བ་འཛུགས་སྐྱོང་གི་ ལཱ་འབད་དོ་ཡོདཔ་ད་ བློན་པོ་གིས་ ཞུ་མིའི་ནང་ བསམ་རྩེ་དང་ གསར་སྤང་ རྩི་རང་ དར་དཀར་ནང་ཚུ་ནང་ལས་ གནམ་དགུན་ལུ་ ཀེ་བ་མེ་ཊིག་ཊཱོན་༢༠,༠༠༠ དེ་ཅིག་ ཐོན་སྐྱེད་འབད་ནུག་ཟེར་ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་གློག་མེའི་སྤྱོད་ཁྲལ་ ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད།

༉ ནང་འཁོད་གློག་མེའི་སྤྱོད་ཁྲལ་གྱི་ དམིགས་གཏད་སྙན་ཞུ་དང་འཁྲིལ་བ་ཅིན་ ཆུ་ལུ་བརྟེན་པའི་གློག་མེ་ ཁ་སྐོང་མེ་ག་ཝཱཊ་༢,༠༠༠ ལྷགཔ་ཅིག་ ཐོན་སྐྱེད་འབད་ནིའི་ འཆར་གཞི་ཡོད་མི་དང་བསྟུན་ སྤྱི་ལོ་༢༠༤༠ འི་ནང་འཁོད་ལུ་ ནང་འཁོད་སྤྱོད་ཁྲལ་ཡུ་ནིཊ་རེ་ལུ་ དངུལ་ཀྲམ་༤.༥༡ ལུ་ ལྷོད་ནིའི་དམིགས་གཏད་ཨིན་པས། དཔེ་འབད་བ་ཅིན་ …

Leave a Reply

Your email address will not be published. Required fields are marked *