༉ ང་བཅས་རའི་ རྒྱལ་ཡོངས་ཀྱི་ གཙོ་རིམ་དེ་ སོ་ནམ་ཡར་དྲག་གཏང་ནི་ལུ་ར་ བཟུང་སྡོདཔ་ཨིན་རུང་ འབྲུག་རྒྱལ་ཁབ་ཀྱི་ མི་འབོར་ཕྱེད་ལྷགཔ་ཅིག་ལུ་ འཚོ་རྟེན་ངོ་མ་བྱིན་མི་ སོ་ནམ་གྱི་གནས་སྟངས་དེ་ ད་རེས་ནངས་པར་ དོ་འགྲན་ཅན་ལུ་ ཐུག་ཡོད་པའི་ མངོན་གསལ་བྱུངམ་ཨིན་མས།
དེ་ཡང་ གཙོ་བོ་ར་ ལོ་བསྟར་བཞིན་དུ་ ལས་མི་མ་ལང་པའི་ དཀའ་ངལ་དེ་ ཡར་སེང་འགྱོ་ནི་དེ་གིས་ཨིནམ་ད་ གྲོང་གསེབ་ལས་ ཁྲོམ་ཁར་ གནས་སྤོ་འགྱོ་མི་དེ་གིས་ མི་སྡེ་ནང་ གནོད་ཉེན་འབྱུང་ནི་ཨིནམ་ ག་ར་གིས་ ཤེས་རྟོགས་ཡོད་རུང་ གནད་དོན་དེ་ མར་ཕབ་འབད་ནིའི་ཚབ་ ལྷག་པར་དུ་ ཡར་སེང་འགྱོཝ་ཨིན་མས།
རྒྱལ་ཁབ་ནང་འཁོད་ཀྱི་ མཐའ་ཟུར་གཡུས་ཚན་ཚུ་ནང་ བལྟ་བ་ཅིན་ སོ་ནམ་གྱི་ལཱ་འབད་ནི་ལུ་ ལྕོགས་གྲུབ་ལྡན་པའི་ ན་གཞོན་གྱི་གྱངས་ཁ་དེ་ ལོ་གཅིག་བ་ལོ་གཅིག་ མར་ཉམས་འགྱོཝ་ལས་ རྒན་རྒས་ཚུ་རྐྱངམ་གཅིག་ གཡུས་ཚན་ནང་ ལུསཔ་ཨིན་མས།
འཕྲལ་ཁམས་ཀྱི་ སོ་ནམ་སྙན་ཞུ་དང་འཁྲིལཝ་ད་ གྲོང་གསེབ་ལས་ཁྲོམ་ཁར་ གནས་སྤོ་འགྱོ་མི་ ལེ་ཤ་ཐོན་མི་དེ་གིས་ སོ་ནམ་ལས་སྡེ་ལུ་ གནོད་ཉེན་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ འདས་པའི་ལོ་ནང་ སོ་ནམ་ལུ་བརྟེན་སྡོད་མི་ ཁྱིམ་གུང་བརྒྱ་ཆ་༥༠ ལྷགཔ་ཅིག་ ལས་མི་མ་ལང་པའི་ དཀའ་ངལ་བྱུང་སྟེ་ཡོདཔ་མ་ཚད་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་མི་དེ་གིས་ཡང་ ང་བཅས་རའི་ ཞིང་པ་ཚུ་གི་ འཚོ་སྐྱོང་ལུ་ བར་ཆད་རྐྱབ་སྟེ་འདུག།
ན་ཧིང་གི་ལོ་ནང་ རྒྱལ་ཁབ་ནང་འཁོད་ཀྱི་ སོ་ནམ་ཞིང་པ་བརྒྱ་ཆ་༤༠ ལྷགཔ་ཅིག་གིས་ ཁོང་གི་ལོ་ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་ཡོད་པའི་སྐོར་ལས་ སོ་ནམ་ལྷན་ཁག་ལུ་ སྙན་ཞུ་འབད་ཡོདཔ་ད་ གཅིག་ལས་བལྟ་བ་ཅིན་ ཞིང་པ་ཚུ་གིས་ ཁོང་རའི་ སོ་ནམ་ཐོན་སྐྱེད་ཚུ་ ཚོང་སྒྱུར་འཐབ་ནིའི་དོན་ལུ་ ཚོང་ལམ་ལེགས་ཤོམ་ཅིག་ མེད་མི་དེ་གིས་ཡང་ འོང་འབབ་བཟོ་མ་ཚུགས་པའི་ དོ་འགྲན་བྱུངམ་ཨིན་མས།
རྒྱུ་མཚན་འདི་ལུ་བརྟེན་ ཞིང་པ་ཚུ་གིས་ ཁོང་རའི་ བཟའ་ཚང་གི་འཚོ་སྐྱོན་དོན་ལུ་ ལངམ་ཅིག་མ་གཏོགས་ རྒྱ་ཆེ་དྲགས་སྦེ་ འཛུགས་སྐྱོང་འབད་ནིའི་ བློ་སྟོབས་ཞན་བཅུགཔ་ཨིན་མས།
དཔེ་འབད་བ་ཅིན་ རྒྱལ་ཁབ་ནང་ ས་ཆ་སྤྱོད་བཏུབ་མི་བརྒྱ་ཆ་༧.༨ ཡོད་མི་ལས་ ད་ལྟོ་ བརྒྱ་ཆ་༢.༩༣ རྐྱངམ་གཅིག་ནང་ ལོ་ཐོག་འཛུགས་སྐྱོང་འབད་དེ་ཡོདཔ་ད་ མ་གཞི་ ཧེ་མ་དང་ཕྱདཔ་ད་ གཡུས་ཚན་ཚུ་ འཁོར་ལམ་དང་ མཐུད་སྦྲེལ་འབད་ཡོད་ནི་དེ་གིས་ ཚོང་ལམ་གྱི་ དཀའ་ངལ་ཐོན་དགོཔ་ཅིག་ མིན་འདུག།
གཡུས་ཚན་ཚུ་ནང་ གློག་ཐག་ར་བ་རྐྱབ་བྱིན་པའི་ཁར་ ཆུ་གཡུར་ཉམས་བཅོས་འབད་མི་ལུ་བརྟེན་ ཞིང་པ་ཚུ་ལུ་ ཁེ་ཕན་བྱུང་ཡོདཔ་མ་ཚད་ གྲོང་གསེབ་ཚོང་ལས་གོང་འཕེལ་ལས་འཛིན་གྱིས་ སོ་ནམ་དང་འབྲེལ་བའི་ལཱ་ཚུ་ འབད་བཅུག་ནིའི་དོན་ལུ་ བསྐྱིན་འགྲུལ་དངུལ་ཀྲམ་༡༠༠,༠༠༠ རེ་བྱིན་མི་དེ་ཡང་ དངུལ་ཀྲམ་༥༠༠,༠༠༠ ལུ་ ཡར་སེང་འབད་ནི་དེ་གིས་ ལྷག་པར་དུ་ ཕན་ཁྱད་སྦོམ་སྦེ་ར་བྱུང་ནུག།
སོ་ནམ་ལྷན་ཁག་གིས་ བཟའ་འཐུང་ཉེན་སྲུང་དང་ ཟས་བཅུད་ཡར་སེང་འབད་ནིའི་དོན་ལུ་ ཚོད་བསྲེ་མེ་ཊིག་ཊཱོན་༦༠,༠༠༠ ཐོན་སྐྱེད་འབད་ནི་གི་ དམིགས་གཏད་ཡོད་མི་དེ་ འགྲུབ་ནིའི་དོན་ལུ་ སྤྱི་ལོ་༢༠༡༨ ཀྱི་ནང་འཁོད་ལུ་ སོ་ནམ་ཞིང་ལམ་དང་ ཆུ་གཡུར་ཀི་ལོ་མི་ཊར་ བརྒྱ་ལས་བཅད་དེ་ ཉམས་བཅོས་འབད་དགོཔ་ཡོད་རུང་ སོ་ནམ་ལས་སྡེའི་དོན་ལུ་ འཆར་གཞི་༡༡ པའི་ནང་ འཆར་དངུལ་བརྒྱ་ཆ་༢.༣ ལས་ མ་བཞགཔ་ཨིན་མས།
ཨིན་རུང་ སོ་ནམ་ལྷན་ཁག་གིས་ སོ་ནམ་ཐོན་སྐྱེད་ཚུ་ རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ དཀའ་ངལ་ཚུ་ སེལ་ཐབས་འབད་དེ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ་ལས་ ཤུལ་མའི་ འཆར་ལོ་ལས་ མ་དངུལ་གྱི་བགོ་བཀྲམ་ འོས་ལྡན་བྱིན་དགོཔ་འདུག་ཟེར་ ཞུ་ནི་ཨིན།
Check Also
གསོ་རིག་གཙུག་ལག་སློབ་སྡེའི་ ལྕོགས་གྲུབ་གོང་འཕེལ་གཏང་ནི་ལུ་ གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་ཡོདཔ།
༉ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ གསོ་བའི་ཤེས་ཡོན་ལས་རིམ་ ཡར་དྲག་གཏང་ནི་ནང་ གསོ་བ་ལྷན་ཁག་དང་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེ་༢ མཉམ་འབྲེལ་གོང་འཕེལ་གཏང་ནིའི་དོན་ལུ་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ཡོདཔ་ཨིན་པས། གོ་བརྡའི་ཆིངས་ཡིག་ཅིག་གི་ དམིགས་ཡུལ་དེ་ཡང་ གསོ་བའི་ལས་བྱེདཔ་ཚུ་ལུ་ འཇོན་ཐངས་ཅན་དང་ …