སོ་ནམ་འཕྲུལ་ཆས་ལུ་བརྟེན་ ཐོན་སྐྱེད་ཚུ་ གོང་འཕེལ་གཏང་ཚུགས་ནི།

༉ རྒྱལ་ཁབ་ནང་ སོ་ནམ་ཐོན་སྐྱེད་གོང་འཕེལ་གཏང་ནིའི་དོན་ལས་ གཞུང་གིས་ མི་སེར་ཚུ་གི་ སོ་ནམ་དང་འབྲེལ་བའི་ཁྱད་རིག་ གོང་འཕེལ་གཏང་ནིའི་དོན་ལུ་ ལས་རིམ་ལེ་ཤ་ཡོད་པའི་གྲས་ལས་ གཅིག་ མི་སེར་ཚུ་ལུ་ སོ་ནམ་འཕྲུལ་ཆས་ཚུ་ ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་བྱིན་ནི་དེ་ཨིན་པས།
དེ་བཟུམ་གྱི་ ལས་རིམ་དེ་ སྤ་རོ་དང་ བཀྲིས་སྒང་ བཀང་ལུང་ དེ་ལས་ འཁང་མ་སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ འགོ་འདྲེན་འཐབ་ཡོདཔ་ད་ ལས་རིམ་དེ་ནང་ སོ་ནམ་པ༌ཚུ་གིས་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་ ལག་ལེན་འཐབ་ཐངས་དང་ བཅོ་ཁ་རྐྱབ་ནིའི་སྐོར་ལས་ སྦྱོང་བརྡར་བྱིན་དོ༌ཡོདཔ༌ཨིན༌པས།
ཞིང་རྨོ་འཕྲུལ་ཆས་དེ་ སོ་ནམ་ལཱ་གི་དོན་ལུ་ ཁག་ཆེ་བའི་གཞི་རྟེན་མཁོ་ཆས་ཅིག་ཨིནམ་ད་ དེ་ཡང་ འཕྲུལ་ཆས་དེ་ལུ་བརྟེན་ སོ་ནམ་གྱི་ལཱ་ཚུ་ དུས་ཡུན་ཐུང་ཀུ་ཅིག་ནང་ འབད་ཚུགསཔ་མ་ཚད་ གྲོང་གཡུས་ཚུ་ནང་ ལས་མི་མེད་པའི་དཀའ་ངལ་ཡང་ སེལ་ཚུགས་ནི་དེ་གིས་ཨིནམ་ད་ ད་རེས་ འཕྲུལ་ཆས་དེ་ སོ་ནམ་པ་ཚུ་གི་དོན་ལུ་ མེད་ཐབས་མེདཔ་ཅིག་ལུ་གྱུར་ཡོདཔ་ཨིན་པས།
འཕྲུལ་ཆས་ལག་ལེན་འཐབ་ཐངས་དང་ བཅོ་ཐངས་དེ་ སོ་ནམ་འཕྲུལ་ཆས་ལྟེ་བའི་ དམིགས་ཡུལ་༣ གྱི་གྲས་ལས་ གཅིག་ཨིནམ་ད་ སྤ་རོ་ལུ་ འགོ་འདྲེན་འཐབ་མི་ལས་རིམ་དེ་ནང་ མི་༥ གིས་ བཅའ་མར་གཏོགས་ཡོདཔ་ད་ འཁང་མ་ལུ་འབད་བ་ཅིན་ མི་༩ གིས་ བཅའ་མར་གཏོགས་ནུག།
དེ་ལས་ བསམ་རྩེ་ལུ་འབད་བ་ཅིན་ མི་༡༢ ཀྱིས་ པ་ཝར་ཊི་ལར་གཏང་ནིའི་དོན་ལུ་ ཟླཝ་༢ ཀྱི་དོན་ལུ་ སྦྱོང་བརྡར་ལས་རིམ་ཅིག་ནང་ བཅའ་མར་གཏོགས་དོ་ཡོདཔ་ད་ ལས་རིམ་དེ་ནང་ འདས་པའི་ཟླཝ་ད་ མི་༡༩ གིས་ཡང་ བཅའ་མར་གཏོགས་ཡོདཔ་ད་ ཁོང་གིས་འཕྲུལ་ཆས་གཏང་ནིའི་ རིག་རྩལ་འཐོབ་པའི་སྐབས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་འོང་ཟེར་ སོ་ནམ་འཕྲུལ་ཆས་ལྟེ་བའི་ སྦྱོང་བརྡར་བྱིན་མི་ འཇིགས་མེད་ཀྱིས་བཤད་ཅི།
དེ་བཟུམ་སྦེ་ ཨ་ལཱན་ཅི་སྐམ་མིའི་འཕྲུལ་ཆས་ ལག་ལེན་འཐབ་ཐངས་ཀྱི་ སྦྱོང་བརྡར་ཡང་བྱིན་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ པདྨ་དགའ་ཚལ་རྫོང་ཁག་ནང་ སྦྱོང་བརྡར་ལས་རིམ་ནང་ མི་༤༧ གྱིས་ བཅའ་མར་གཏོགས་ཡོདཔ་ད་ དེ་ཡང་ རྫོང་ཁག་དེ་ནང་ སོ་ནམ་པ་ཚུ་གིས་ ཨ་ལཱན་ཅི་ འཛུགས་སྐྱོང་འབད་ནི་ལུ་ གཙོ་བོར་བཏོན་ནི་དེ་གིས་ཨིན་པས།
དེ་ལས་ ཆུ་ཁ་རྫོང་ཁག་ནང་འབད་བ་ཅིན་ མི་༤༨ དང་ དར་དཀར་ནང་ལུ་ མི་༨༧ གྱིས་ བཅའ་མར་གཏོགས་ཡོདཔ་ད་ སྦྱོང་བརྡར་ལས་རིམ་དེ་ རྩི་རང་དང་ བསམ་རྩེ་ དེ་ལས་ གཞལམ་སྒང་རྫོང་ཁག་ཚུ་གི་དོན་ལུ་ཡང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ལས་རིམ་དེ་ སོ་ནམ་འཕྲུལ་ཆས་ལྟེ་བ་ནང་ རྫོང་ཁག་བདག་སྐྱོང་ མཉམ་རུབ་ཐོག་ལས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ མི་སེར་སོ་ནམ་པ་རྐྱངམ་གཅིག་ལུ་མེན་པར་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་གི་ སྦྱོང་བརྡར་བ་ཚུ་གི་དོན་ལུ་ཡང་ འགོ་འདྲེན་འཐབ་མི་དེ་ ཁོང་སྤེལ་ཁང་ལས་ མཐའ་འཁྱོལ་འགྱོ་བའི་སྐབས་ ལ་ལོ་ཅིག་ ཞིང་རྨོ་འཕྲུལ་ཆས་ལ་སོགས་པ་ཚུ་ གཏང་མི་སྦེ་ སྡོད་ནིའི་གོ་སྐབས་ཡོད་མི་ལུ་བརྟེན་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ བུམ་ཐང་ཆུ་སྨད་དང་ སྤུ་ན་ཁ་ ཁུ་རུ་ཐང་ དེ་ལས་ གསང་སྤང་ བདེ་སྐྱིད་གླིང་ལུ་ཡོད་པའི་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ཚུ་ནང་ འགོ་འདྲེན་འཐབ་དོ་ཡོདཔ་བཞིན་དུ་ ལས་རིམ་དེ་ ཟླཝ་༣ གྱི་དོན་ལུ་ ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

About admin

Check Also

ཝང་ལིང་གཡུས་ཚན་ནང་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ ཀྲོང་གསར་གླང་མཐིལ་རྒེད་འོག་ ཝང་ལིང་གཡུས་ཚན་གྱི་ མི་སེར་ཚུ་ ཆུ་གཡུར་ཉམས་བཅོས་འབད་མ་ཚུགས་མི་ལུ་བརྟེན་ ན་ཧིང་ འབྱ་ལཱ་རྐྱབ་མ་ཚུགས་པར་ལུས་ཡོདཔ་ད་ དུས་ཅི་ཡང་ ག་དེ་སྦེ་ འབྱ་ལཱ་རྐྱབ་ཚུགས་ག་ཟེར་ ཚ་གྱང་ལང་སྟེ་འདུག། ཆུ་གཡུར་དེ་ ལོ་གསུམ་གྱི་ཧེ་མར་ ས་རུད་ཆད་མི་ལུ་བརྟེན་ འཕྱགས་བདའ་ཡོདཔ་ཨིན་རུང་ …

Leave a Reply

Your email address will not be published. Required fields are marked *