མི་སེར་སོ་ནམ་པ་ཚུ་ལུ་ དགོས་མཁོ་ཆེ་བའི་ མཐུན་རྐྱེན་ངོ་མ་ཅིག་ཨིན་མི་ སོ་ནམ་ཞིང་ལམ།

སོ་ནམ་ཞིང་ལམ་ལུ་བརྟེན་ མི་སེར་སོ་ནམ་པ་ཚུ་གི་གནས་སྟངས་ ལེགས་བསྒྱུར་འབད་ཡོདཔ།

༉ རྒྱལ་ཁབ་ནང་ དམངས་གཙོ་བོའི་རིང་ལུགས་ འགོ་བཙུགས་ཞིནམ་ལས་ཚུར་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ལུ་ སོ་ནམ་ཞིང་ལམ་གྱི་མཐུད་འབྲེལ་ ཡར་སེང་སོང་ཡི་ཟེར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཤདཔ་ཨིན་པས།
བཀྲིས་གཡང་རྩེ་རྫོང་ཁག་ནང་འབད་བ་ཅིན་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༣༢༡.༨༨ མཐུད་འབྲེལ་འབད་ཡོདཔ་ད་ དེ་གིས་ རྒེད་འོག་༨ ཀྱི་གུང་པ་༥༦༧༤ དེ་ཅིག་ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།
འཆར་གཞི་༡༠ པའི་ནང་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༡༦༥.༨༦ བསལ་ཡོདཔ་བཞིན་དུ་ འཆར་གཞི་༡༡ པའི་ནང་ ཀི་ལོ་མི་ཊར་༡༥༦.༠༢ བཏོན་ཡོདཔ་ཨིན་པས།
རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཆོས་སྲུང་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ འབུམ་སྡེ་གླིང་དང་ ཡ་ལང་ དེ་ལས་ སྟོད་ཚོ་རྒེད་འོག་གསུམ་གྱི་ སྤྱི་འོག་དང་ གཡུས་ཚན་དག་པ་ཅིག་ནང་ རྒྱལ་ཁབ་ཀྱི་སྲུང་སྐྱོབ་དང་ སྲིད་བྱུས་ལུ་བརྟེན་ སོ་ནམ་ཞིང་ལམ་ མ་བཏོན་པར་ཡོདཔ་མ་གཏོགས་ སྤྱི་འོག་ག་ར་ནང་ སོ་ནམ་ཞིང་ལམ་མཐུད་འབྲེལ་འབད་དེ་ ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་མེད་ས་ལུ་ གཞུང་ལས་ མཐུན་རྐྱེན་གཞན་ཐོབ་སྟེ་ཡོད་རུང་ འཁོར་ལམ་ཡོདཔ་དང་མེད་པའི་བར་ན་ འཚོ་བའི་གནས་སྟངས་དང་གཙང་སྦྲ་ དེ་ལས་ སོ་ནམ་ཞིང་ལཱ་འབད་ཐངས་ལས་འགོ་བཙུགས་ ཁྱད་པར་འདུག་ཟེར་ཨིན་པས།
སོ་ནམ་ཞིང་ལམ་དེ་ གྲོང་གསེབ་ནང་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ ངོ་མ་ཅིག་ལུ་གྱུར་ཏེ་ཡོད་ཟེར་ གཡང་རྩེ་རྒཔོ་ མགོན་པོ་གིས་ བཤད་པའི་ཁར་ སོ་ནམ་གྱི་ཐོན་སྐྱེད་ཚོང་འབྲེལ་འཐབ་ནི་ལུ་ཡང་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིནམ་ད་ འཁོར་ལམ་ལུ་བརྟེན་ ཚོད་བསྲེ་བཙོང་མི་ཚུ་ལུ་ འོང་འབབ་བཟོ་ནིའི་ གོ་སྐབས་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་འོག་ག་ར་ནང་ འཁོར་ལམ་མཐུད་འབྲེལ་འབད་ཚར་རུང་ གཡུས་སྒོ་ཚུ་ནང་ འཁོར་ལམ་གྱི་ མཁོ་འདོད་བསྐྱེད་མི་ཡང་ འདུག་ཟེར་ཨིན་པས།
སྟོད་ཚོ་རྒཔོ་ བདེ་ཆེན་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་མཐུད་འབྲེལ་ལུ་བརྟེན་ གཙང་སྦྲ་དང་ འཚོ་བའི་གནས་སྟངས་ཚུ་ ཡར་དྲག་སོང་སྟེ་ཡོད་ཟེར་ཨིནམ་ད་ མི་སེར་ཚུ་གིས་ དུས་ཚོད་དང་ དུས་ཚོད་མ་ཡིན་པའི་ ཚོད་བསྲེ་འཛུགས་སྐྱོང་འབད་ནི་ཡང་ འགོ་བཙུགས་ཏེ་ཡོད་ཟེར་ཨིན་པས།
རྒཔོ་ལ་ལོ་ཅིག་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ལེགས་ཤོམ་མེདཔ་ལས་ གླ་འཁོར་བོ་ལོ་རོ་རྐྱངམ་གཅིག་ ཐལ་ཚུགས་དོ་ཡོདཔ་ལས་ ལེགས་བཅོས་འབད་དགོཔ་ཡོད་ཟེར་ཨིནམ་ད་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ གླ་ཐེབས་ལེན་དོ་ཡོད་པའི་ ལོ་རྒྱུས་གོ་ཡི་ཟེར་ཨིན་པས།
རྒེད་འོག་བདག་སྐྱོང་གི་ ཐོ་བཀོད་དང་འཁྲིལ་བ་ཅིན་ བཀྲིས་སྒང་རྫོང་ཁག་ནང་ ད་ཚུན་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༨༥༡.༡༦༤ བསལ་ཡོདཔ་ད་ དེ་གིས་ རྒེད་འོག་༡༥ འི་ནང་ གུང་པ་༡༡,༧༢༡ ལུ་ ཕན་ཐོགས་བྱུང་སྟེ་འདུག།
བཀྲིས་སྒང་རྫོང་ཁག་གི་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་ཞིང་ལམ་རིང་མི་དང་ རྒྱ་ཚད་ལུ་བརྟེན་ མ་དངུལ་ལང་མ་ཚུགས་པའི་ དཀའ་ངལ་ཡོད་ཟེར་ཨིནམ་ད་ གཞུང་ལས་ མ་དངུལ་ཚད་ཅིག་ལས་བརྒལ་ གནང་མི་བཏུབ་པས་ཟེར་ཨིན་པས།
བཀྲིས་སྒང་ རྫོང་ཁག་ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ མཐུད་འབྲེལ་འབད་མི་གིས་ ཁེ་ཕན་ཡོད་མེད་ཐད་ཁར་ བཀྲིས་སྒང་ཁྲོམ་ཁར་ ཚོད་བསྲེ་བཙོང་པར་འོང་མི་བལྟ་སྟེ་ར་ ཤེས་ཚུགས་ཟེར་ཨིནམ་ད་ ཧེ་མ་ ནང་འཁོད་ལས་ཐོན་པའི་ ཚོད་བསྲེ་བཙོང་པར་འོང་མི་ དེ་ཅིག་མེད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འཁོར་ལམ་གྱི་མཐུན་རྐྱེན་ལུ་བརྟེན་ གཡུས་མི་ཚུ་གིས་ཡང་ སྣུམ་འཁོར་ཉོ་དོ་ཡོདཔ་ལས་ བཀང་ལུང་ལུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་སོང་སྟེ་འདུག་ཟེར་ ཨིན་པས།
ས་གནས་གཞུང་གི་ འགོ་ཁྲིདཔ་ལ་ལོ་ཅིག་གིས་ སླབ་མིའི་ནང་ སྤྱི་འོག་ག་ར་ནང་ འཁོར་ལམ་མཐུད་འབྲེལ་ལྷོད་རུང་ གཡུས་ཚན་ལ་ལོ་ཅིག་ནང་ འཁོར་ལམ་མེདཔ་ལས་ དང་ཕུ་བཟུམ་སྦེ་ར་ ནདཔ་ཚུ་ དཔྱ་ཤིང་གུ་ སྐྱེལ་འདྲེན་འབད་དགོ་པའི་ གནས་སྟངས་ཡོད་ཟེར་ཨིནམ་ད་ འཆར་གཞི་༡༢ པ་མཇུག་བསྡུ་བའི་བསྒང་ལས་ དེའི་དཀང་ངལ་ཡང་ བསལ་ཚུགས་པའི་རེ་བ་ཡོད་ཟེར་ཨིན་པས།
ལམ་ཐག་རིང་མི་དང་ འཁོར་ལམ་གྱི་གནས་སྟངས་ལུ་བརྟེན་ འཁོར་ལམ་ཡོད་མེད་ ཅོག་འཐད་པས་ཟེར་ སག་སྟེང་རྒཔོ་ སངས་རྒྱས་རྡོ་རྗེ་གིས་ བཤད་པའི་ཁར་ འཁོར་ལམ་དེ་ ཨ་རྟག་ར་ རྒྱུན་འབྲེལ་འཐབ་ཆོག་ཆོ་ཡོད་པ་ཅིན་ མི་སེར་ལུ་ ཁེ་ཕན་སྦོམ་འདུག་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་གྱི་ ཁེ་ཕན་སྦོམ་ཡོདཔ་ལས་ འཆར་གཞི་༡༢ པའི་ནང་ སྤྱི་འོག་༢ ནང་ སོ་ནམ་ཞིང་ལམ་བཏོན་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སོ་ནམ་ཞིང་ལམ་དེ་ མི་སེར་སོ་ནམ་པ་ཚུ་གི་དོན་ལུ་ དགོས་མཁོ་ཆེ་བའི་ མཐུན་རྐྱེན་ངོ་མ་ཅིག་ཨིནམ་ལས་ འཁོར་ལམ་ལེགས་བཅོས་ཀྱི་དོན་ལུ་ ལོ་༥ འི་ མ་དངུལ་སྟབས་གཅིག་སྦེ་ གནང་པ་ཅིན་ འཁོར་ལམ་ཚུ་ ལོག་ཅི་ར་ ལེགས་བཅོས་འབད་མི་དགོ་ནི་མས་ཟེར་ མི་སྡེ་འགོ་ཁྲིདཔ་ཚུ་གིས་ བཤད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་གཡང་རྩེ།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *