མོང་སྒར་གྱི་ སོ་ནམ་པ་ཚུ་གིས་ སྣུམ་འཁོར་ནང་ལས་ ཚོད་བསྲེའི་རིགས་ཚུ་ བཏོན་པའི་བསྒང་།

སོ་ནམ་ཞིང་ལམ་ལུ་བརྟེན་ སོ་ནམ་པ་ཚུ་གི་ འཚོ་བའི་གནས་སྟངས་ལེགས་བསྒྱུར་སོང་ཡོདཔ།

༉ མོང་སྒར་གྱི་ སོ་ནམ་པ་ཚུ་གིས་ ཚོད་བསྲེའི་རིགས་དང་ འབྲུ་སྣའི་རིགས་ དེ་ལས་ ཤིང་འབྲས་ཀྱི་རིགས་ཚུ་ འཛུགས་སྐྱོང་འབད་བའི་ཁར་ སྒོ་ནོར་གྱི་ཐོན་སྐྱེད་ཚུ་ རྒྱ་ཆེ་དྲགས་སྦེ་ འབད་དོ་ཡོདཔ་ཨིན་པས།
མི་སེར་སོ་ནམ་པ་ཚུ་གིས་ བཤད་མིའི་ནང་ ཞིང་ལམ་ཚུ་ལུ་བརྟེན་ ཧེ་མ་ རྐང་སྟོང་སྦེ་ མི་དང་རྟ་གི་རྒྱབ་ཁར་འབག་སྟེ་ ཉེ་འདབས་ཀྱི་ཁྲོམ་ཚུ་ནང་ ཐོན་སྐྱེད་ཚུ་ བཙོང་པར་འགྱོ་ནི་ཡོད་མི་དེ་ ད་རེས་ སྣུམ་འཁོར་ཚུ་ནང་ འཇམ་ཏོང་ཏོ་སྦེ་ བསྐྱལ་ཚུགས་ནི་དེ་གིས་ ལཱ་རྩ་འགེངས་འབད་ནི་ལུ་ སེམས་ཤུགས་བསྐྱེད་ཚུགས་པས་ཟེར་ཨིན་པས།
མོང་སྒར་ཆ་གླིང་ལས་ སྐྱེས་ལོ་༤༢ ལང་མི་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ལུ་བརྟེན་ ཁོ་གི་མི་ཚེ་ནང་ ལེགས་བསྒྱུར་སྦོམ་སོང་ཡི་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ སྐྱེས་ལོ་༡༨ ལས་ ཚོད་བསྲེའི་ལཱ་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ཧེ་མ་འཁོར་ལམ་མེད་པའི་དུས་ཚོད་ལུ་ ཆ་གླིང་ལས་ མོང་སྒར་ཚུན་ རྟ་དང་ མི་གིས་འབག་སྟེ་ མོང་སྒར་ལུ་ བཙོང་པར་འགྱོ་ནི་ཡོད་ཟེར་ཨིན་པས།
ཤུལ་ལས་ འཕྲུལ་གླང་པ་ཝར་ཊི་ལར་ཅིག་ ཉོ་ཡོདཔ་བཞིན་དུ་ པ་ཝར་ཊི་ལར་གྱིས་ ཁོ་རའི་གཡུས་ཁ་ལས་ ཀི་ལོ་མི་ཊར་༣ དེ་ཅིག་གི་ས་ཁར་ མོང་སྒར་དང་ ལྷུན་རྩེའི་གཞུང་ལམ་ཁར་ འབག་བསྐྱལ་ཏེ་ བཙོང་ཡི་ཟེར་ཨིན་པས།
ད་རེས་ སོ་ནམ་ཞིང་ལམ་ལུ་བརྟེན་ ཁྱིམ་གི་གདོང་ཁར་ སྣུམ་འཁོར་བོ་ལེ་རོ་ནང་ སོ་ནམ་ཐོན་སྐྱེད་ཚུ་བཙུགས་འབག་སྟེ་ དུས་ཡུན་ཆུ་ཚོད་༡ ནང་ མོང་སྒར་ཁྲོམ་ཁར་ ལྷོད་ཚུགས་པས་ཟེར་ཨིན་པས།
སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ལྷོད་ཞིནམ་ལས་ ལཱ་འབད་དགོ་མནོཝ་མས་ཟེར་ཨིན་པས།
ཁོ་གིས་ དངུལ་ཐོག་ཚུ་བཙོང་སྟེ་ ལོ་རེ་ནང་ འོང་འབབ་དངུལ་ཀྲམ་༡༠༠,༠༠༠ དང་༢༠༠,༠༠༠ ཀྱི་བར་ན་ བཟོ་དོ་ཡོདཔ་ད་ ལཱ་མེད་པའི་དུས་ཚོད་ལུ་ གླ་འཁོར་བཏང་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ཀཱོན་བར་ལས་ སྐྱེས་ལོ་༣༦ ལང་མི་ སངས་རྒྱས་བཟང་མོ་གིས་ སླབ་མིའི་ནང་ མོ་གི་ཁྱིམ་གྱི་འོག་ལས་ མོང་སྒར་དང་ ལྷུན་རྩེ་བར་ནའི་ཟུར་ལམ་ མ་བསལ་བའི་ཧེ་མར་ གཡུས་ཁ་ལས་ སྒལ་ཏོ་གུ་ ཚོད་བསྲེ་འབག་སྟེ་ དུས་ཡུན་ཆུ་ཚོད་༣ དེ་ཅིག་ ལམ་བདའ་འོང་སྟེ་ ཚོད་བསྲེ་བཙོང་ཞིནམ་ལས་ ལོག་ཕྱི་རུ་ཁྱིམ་ནང་ལྷོདཔ་སྦེ་ འགྱོ་ནི་དེ་ གདོང་ལེན་ཅན་ཅིག་སྦེ་ སྡོད་ཡི་ཟེར་ཨིན་པས།
ད་རེས་ འཁོར་ལམ་ལུ་བརྟེན་ དྲོ་པ་ གཡུས་མི་ཚུ་བསྡོམས་ཞིནམ་ལས་ སྣུམ་འཁོར་གླ་ཁར་ལེན་ཏེ་ ཚོད་བསྲེ་བཙོང་པར་ འགྱོ་ཞིནམ་ལས་ ཕྱི་རུ་ ལོག་ཁྱིམ་ནང་ ལྷོད་ཚུགས་ཟེར་ ཨིན་པས།
དེ་མ་ཚད་ ཞིང་ལམ་ལུ་བརྟེན་ ཐབ་ཤིང་ལེན་ནི་དང་ རྒེད་འོག་འཛོམས་འདུ་ཚུ་ནང་ འགྱོ་ནི་ཡང་ འཇམ་ཏོང་ཏོ་སོང་ཡི་ཟེར་ཨིན་པས།
འཁོར་ལམ་ལྷོད་ཞིནམ་ལས་ གཡུས་ཚན་མང་ཤོས་ཅིག་ནང་ སྣུམ་འཁོར་བོ་ལེ་རོ་དང་ མ་རུ་ཏི་བེན་ཚུ་ ལ་ལོ་ཅིག་གིས་ སྐྱིན་འགྲུལ་ཐོག་ལས་དང་ ལ་ལོ་ཅིག་གིས་ སོ་ནམ་ཐོན་སྐྱེད་ཚུ་བཙོང་སྟེ་ ཐོབ་མི་འོང་འབབ་དེ་གིས་ ཉོ་དོ་ཡོདཔ་ཨིན་པས།
ཐེམ་སྣང་སྦིས་དང་ སྟག་ཆུ་ གཡག་པོ་སྒང་ ཆ་གླིང་ ཀཱོན་བར་ པེག་ཅུ་རུང་ དེ་ལས་ རི་ད་ཟ་གཡུས་ཚན་ཚུ་ནང་ལས་ སོ་ནམ་པ་ཚུ་གིས་ ཉིནམ་ཨ་རྟག་ར་ ཚོད་བསྲེའི་རིགས་ཚུ་འབག་འོང་སྟེ་ མོང་སྒར་ཚོད་བསྲེ་ཁྲོམ་ཁར་ བཙོངམ་ཨིན་པས།
སོ་ནམ་ཞིང་ལམ་ལུ་བརྟེན་ གླ་འཁོར་དེད་གཡོགཔ་ཚུ་ལུ་ཡང་ གཡུས་ཚན་ཚུ་ནང་ མི་བསྐྱལ་ནི་ལུ་ ཕན་ཐོགས་ཡོད་རུང་ གཡུས་ཚན་ཚུ་ནང་ སྣུམ་འཁོར་ཚུ་ ལྷོད་ནི་དེ་གིས་ ཁོང་གི་ཚོང་ལཱ་ལུ་ ཐོ་ཕོག་ཅི་ཟེར་ཨིན་པས།
མོང་སྒར་གླ་འཁོར་ཚོགས་པའི་ཁྲི་འཛིན་ བྱང་ཆུབ་ཀྱིས་ སླབ་མིའི་ནང་ སྒེར་འཁོར་ཚུ་ ག་ཏེ་ཡང་ ཁྱབ་ཡོདཔ་མ་ཚད་ སྣུམ་འཁོར་གྱི་ ཤོང་ཚད་ལས་བརྒལ་ མི་བཙུགས་འབག་དོ་ཡོདཔ་ལས་ མི་མང་ཤོས་ཀྱིས་ གླ་འཁོར་གདམ་ཁ་ནང་ མི་འགྱོ་བས་ཟེར་ ཨིན་པས།
དེ་གི་སྐོར་ལས་ འབྲེལ་ཡོད་དབང་འཛིན་ཚུ་ལུ་ ཉོགས་བཤད་བཀོད་པ་ཅིན་ པར་དང་ གློག་བརྙན་ལ་སོགས་པའི་ སྒྲུབ་བྱེད་དང་སྦྲགས་དགོ་ཟེར་ སླབ་མི་ལུ་བརྟེན་ ལཱ་ཁག་འདུག་ཟེར་ བྱང་ཆུབ་ཀྱིས་ སླབ་ཨིན་པས།
སོ་ནམ་ཞིང་ལམ་ཚུ་ ཁེ་ཕན་ཆེ་རུང་ གནམ་བྱཱར་ཆརཔ་རྐྱབ་པའི་སྐབས་ མེདཔ་ཐལ་ནི་དེ་གིས་ སྣུམ་འཁོར་ཚུ་མ་ཐལ་བའི་དཀའ་ངལ་བྱུངམ་མས་ཟེར་ ཨིན་པས།
སངས་རྒྱས་རྡོ་རྗེ་གིས་འབད་བ་ཅིན་ ཆ་གླིང་ལུ་ ཁོ་རའི་ གཡུས་ཁའི་སོ་ནམ་ཞིང་ལམ་དེ་ དུས་ཅི་ གནམ་བྱཱར་ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ མེདཔ་ཐལ་བའི་ཤུལ་ལས་ ཉམས་བཅོས་མ་འབད་བར་ཡོདཔ་ལས་ སྣུམ་འཁོར་ཚུ་ཐལ་རུང་ མེདཔ་བཏངམ་མས་ཟེར་ ཨིན་པས།
མོང་སྒར་རྫོང་ཁག་ནང་ རྒེད་འོག་༡༧ གྱི་ རྒེད་འོག་ལྟེ་བའི་འཁོར་ལམ་ཚུ་ མ་བརྩི་བར་ ཡོངས་བསྡོམས་རིང་ཚད་ཀི་ལོ་མི་ཊར་༥༥༥ དེ་ཅིག་འབད་མི་ སོ་ནམ་ཞིང་ལམ་༡༨༤ ཡོདཔ་ཨིན་པས།
མོང་སྒར་ ལུང་ཕྱོགས་ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཐོ་དང་འཁྲིལཝ་ད་ ལུང་ཕྱོགས་ཡིག་ཚང་འོག་ལུ་ སྣུམ་འཁོར་༢,༠༢༥ ཐོ་བཀོད་འབད་ཡོདཔ་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ། མོང་སྒར།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *