༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས།
གནད་དོན་དེ་ཡང་ ཁ་ཙ་ དམངས་རྩིས་ཚོགས་ཆུང་གི་ སྙན་ཞུ་ལུ་ སྤྱི་ཚོགས་ལྷན་བཞུགས་ནང་ གྲོས་བསྡུར་འབད་བའི་ སྐབས་ ཆུ་ཁ་ སྦོང་སྒོ་སྐྱབས་ཆའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ ས་གནས་གཞུང་གི་བཅའ་ཁྲིམམ་ནང་ སྤྱོད་འཐུས་སྐོར་ལས་ ཚུད་དེ་ཡོདཔ་ལས་ སོ་ནམ་ཞིང་ལམ་ཚུ་ ལེགས་ཤོམ་སྦེ་བདག་འཛིན་འཐབ་བཞག་ཐབས་ལུ་ ལམ་ལུགས་དེ་ འགོ་བཙུགས་ནིའི་ དུས་ཚོད་མ་རན་ག་ཟེར་ཞུ་ཡི།
དམངས་རྩིས་ཚོགས་ཆུང་གིས་ དོན་ཚན་དེ་གི་སྐོར་ལས་ གྲོས་བསྡུར་འབད་ཡི་ག་ཟེར་བའི་ དྲི་བཀོད་འབད་ཡོདཔ་ད་ མོ་གིས་འབད་བ་ཅིན་ སྤྱི་ལོ་༢༠༠༨ ལས་༢༠༢༢ ཀྱི་བར་ན་ སོ་ནམ་ཞིང་ལམ་ ཀི་ལོ་མི་ཊར་༡༡,༠༠༠ བསལ་ཚར་མི་ལས་ ཀི་ལོ་མི་ཊར་༡༥ དེ་ཅིག་ ལག་ལེན་འཐབ་མ་བཏུབ་མིའི་ནང་ ཚུད་དེ་འདུག་ཟེར་ཞུ་ཡི།
མོ་རའི་འདེམས་ཁོངས་ནང་ ས་གནས་ཀྱི་ཆགས་ཚུལ་ ག་དེ་སྦེ་ཡོད་རུང་ ས་གནས་ཐདམ་ཐད་ཁ་ལས་ཕར་ སོ་ནམ་ཞིང་ ལམ་ཚུ་ ལྷོད་ཚར་ཡོདཔ་ད་ གནམ་བྱཱར་ ཟླཝ་དག་པ་ཅིག་ ལག་ལེན་འཐབ་མ་ཚུགས་པར་ ལུས་དོ་ཡོད་རུང་ སྤྱོད་འཐུས་ཀྱི་ ལམ་ལུགས་ འགོ་བཙུགས་ཚུགས་པ་ཅིན་ གཞུང་གིས་ ད་ཚུན་ སོ་ནམ་ཞིང་ལམ་གྱི་དོན་ལུ་ འཆར་དངུལ་ཚུ་ བྱིན་ཏེ་ར་ ཡོད་རུང་ ལམ་ལུགས་དེ་ འགོ་བཙུགས་པ་ཅིན་ རྒེད་འོག་༢༠༥ ནང་ཡོད་མི་ སོ་ནམ་ཞིང་ལམ་ཚུ་ ལེགས་ཤོམ་སྦེ་ བཞག་ ཚུགས་པའི་ འོས་འབབ་འདུག་ཟེར་ཞུ་ཡི།
ཚོགས་དཔོན་ དབང་ཕྱུག་རྣམ་རྒྱལ་གྱིས་ འཐུས་གི་སྐོར་ལས་ ཚོགས་ཆུང་གིས་བལྟ་དགོཔ་སྦེ་ གསུངས་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ལམ་ལུགས་ཡོད་པ་ཅིན་ ལེགས་ཤོམ་ཨིན་རུང་ མི་སྡེ་ནང་ ད་ལྟོའི་གནས་སྟངས་ནང་ ལམ་དང་ ཟམ་གྱི་མཐུན་རྐྱེན་ཚུ་ ཆ་ཚང་སྦེ་ ལྷོད་མ་ཚུགས་པའི་ གནས་སྟངས་ཨིནམ་ལས་ མི་སྡེའི་ནང་ དཀའ་ངལ་ཚུ་ཡང་ འཐོན་སྲིད་པའི་ གཞི་ཅིག་འོང་ནི་མས་ཟེར་ཨིནམ་ད་ སྤྱོད་འཐུས་ཀྱི་ལམ་ལུགས་དེ་ སྤུས་ཚད་དང་ལྡན་པའི་ མཐུན་རྐྱེན་ཚུ་ ག་ར་ཚངམ་སྦེ་ ལྷོད་ཞིནམ་ལས་ འགོ་བཙུགས་པ་ཅིན་ འོས་འབབ་འོང་ནི་མས་ཟེར་གསུངས་ཡི།
བློན་ཆེན་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ གྲོས་བསྡུར་ཚུ་ཉནམ་ད་ རྒྱལ་ཁབ་ ཡར་རྒྱས་འགྱོ་བའི་རྟགས་མཚན་དང་ མི་སེར་གྱི་ རེ་མཆིས་སྐོར་ལས་ཨིན་མས་ཟེར་ཞུ་བའི་ཁར་ བློན་ཆེན་གྱིས་འབད་བ་ཅིན་ སྤྱིར་བཏང་ སྤུས་ཚད་དང་མ་ལྡན་པའི་ལམ་དང་ ལམ་མེད་པའི་སྐོར་གྱི་གནད་དོན་དེ་ ལོ་ངོ་བཅུ་ཕྲག་དག་པ་ཅིག་ནང་ མཇུག་བསྡུ་ནི་བཟུམ་ཅིག་ མིན་འདུག་ཟེར་ཞུ་ཡི།
ཞི་གཡོག་ལེགས་སྒྱུར་ལུ་ རྒྱབ་སྐྱོར་འབད་མི་དང་འབྲེལ་ ལམ་དེ་ཁག་ཆེཝ་ལས་ ཞབས་ཏོག་ལྷན་ཁག་དེ་ གཞི་རྟེན་དང་ ལམ འགྲུལ་ལྷན་ཁག་སྦེ་བཟོ་སྟེ་ དེ་གི་འོག་ལུ་ ལས་ཁུངས་༤ བཙུགས་མི་དེ་ར་ གནད་དོན་དེ་ ཁག་ཆེ་ནི་དེ་གིས་ མིང་སོར་ཏེ་ ཡོད་ཟེར་ཞུ་ཡི།
རྩིས་ཞིབ་དབང་འཛིན་གྱིས་ ལམ་སྟོན་ཁ་གསལ་སྦེ་ བཀོད་དེ་ཡོདཔ་ལས་ དེ་ལུ་ རྒྱབ་སྐྱོར་ཡོད་པའི་ཁར་ ཚོགས་ཆུང་གིས་ དབྱེ་ཞིབ་འབདཝ་ད་ རྩིས་ཞིབ་དབང་འཛིན་གྱི་རྒྱབ་སྣོན་ལུ་ རྒྱབ་སྐྱོར་འབད་རུང་ མ་འབད་རུང་ ལཱ་འབད་ཐངས་དེ་ དེ་སྦེ་ར་ སྡོད་འོང་ཟེར་ཞུ་ཡི།
འཆར་གཞི་༡༢ ཀྱི་ འཆར་དངུལ་བཏང་ཐངས་ནང་ ས་གནས་གཞུང་དང་ གཞུང་ལྟེ་བ་ལུ་ བརྒྱ་ཆ་༥༠ རེ་བཞག་མི་ལུ་ བལྟ་དགོ་ཟེར་ བློན་ཆེན་གྱིས་ཞུ་ཡོདཔ་ད་ མ་དངུལ་ལངམ་ཡོད་པ་ཅིན་ ས་གནས་གཞུང་ལུ་ མ་དངུལ་ཁ་སྐོང་ བྱིན་ཚུགས་ཟེར་ཞུ་ཡི།
དེ་མ་ཚད་ ཉམས་བཅོས་དང་ བཟོ་སྐྲུན་ག་ར་ ལམ་སེལ་ལས་ཁུངས་ཀྱིས་ འབད་དགོ་པ་ཅིན་ མ་དངུལ་ཡང་ ལངམ་སྦེ་ འཐོབ་ཚུགས་པའི་ཁར་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ འཁོར་ལམ་ཀི་ལོ་མི་ཊར་༡༨ དེ་ཅིག་ ཐུང་ཀུ་སོང་ནུག་ཟེར་མི་དེ་ གོང་འཕེལ་འགྱོ་བའི་ རྟགས་མཚན་ཨིན་ཟེར་ཞུ་ཡི།
དེ་ཡང་ ཧེ་མ་འབད་བ་ཅིན་ ལམ་གྱི་རིང་ཚད་ མངམ་ཡོད་པ་ཅིན་ ལཱ་གི་གྲུབ་འབྲས་བཟུམ་ཅིག་སྦེ་ ངོས་འཛིན་འབད་ཡོད་ རུང་ གོང་འཕེལ་འགྱོཝ་དང་བསྟུན་ དུས་ཚོད་མར་ཕབ་འབད་ནིའི་དོན་ལུ་ ལམ་ལུགས་བསྒྱུར་བ་འབད་བའི་ བརྡ་མཚོན་ཨིན་ཟེར་ཨིན་པས།
སྤ་རོ་ཚོགས་སྡེའི་འཐུས་མི་ ཨོ་རྒྱན་ཚེ་རིང་ ཚོགས་ཆུང་གི་འཐུས་མི་གིས་ གྲོས་འདེབས་ཁག་༢ པ་ལུ་ རྒྱབ་སྐྱོར་འབད་ ཡོདཔ་ད་ ས་གནས་གཞུང་དང་ རྫོང་བདག་ཚུ་དང་གཅིག་ཁར་ གྲོས་བསྟུན་འབདཝ་ད་ བཟོ་རིག་དང་འཕྲུལ་རིག་གི་ མཁས་ རིག་མེདཔ་ལས་ ལམ་སེལ་ལས་ཁུངས་ལུ་ རྒེད་འོག་ལྟེ་བ་རྐྱངམ་གཅིག་ སྤྲོད་པ་ཅིན་ དྲག་ནི་ཨིན་པའི་ ངོས་འཛིན་བྱུང་ཡི་ ཟེར་ཞུ་ཡི།
ལྷན་ཁག་གསརཔ་གིས་ རྒེད་འོག་ལྟེ་བ་བདག་འཛིན་ འཐབ་ནི་ཨིན་པ་ཅིན་ མི་སྟོབས་དང་འཕྲུལ་རིག་ ག་ཅིའི་ཐད་ལས་ འབད་རུང་ སྟབས་བདེ་ནི་ཨིནམ་ད་ དེ་ཡང་ རྫོང་ཁག་དང་ རྒེད་འོག་ལུ་ སྤྲོད་པ་ཅིན་ འཕྲུལ་རིག་དང་ མཁས་མཆོག་ གི་མི་སྟོབས་མེད་པའི་ དཀའ་ངལ་ཚུ་ཡོད་ནི་དེ་གིས་ཨིན་ཟེར་ཨིན་པས།
སྤྱོད་འཐུས་ཀྱི་སྐོར་ལས་ ཞུ་མིའི་ཐད་ རྒེད་འོག་ལྟེ་བ་ནང་ གནད་དོན་དེ་ལུ་ གྲོས་བསྟུན་འབདཝ་ད་ ཟུར་ཁྲིམས་ནང་ཚུད་དེ་ ཡོདཔ་ལས་ འཐུས་བསྡུ་མི་ལུ་བརྟེན་ གནད་དོན་དེ་ ཁྲིམས་འདུན་ལུ་ལྷོད་པ་ཅིན་ ཁྲིམས་མཐུན་དེ་ཅིག་མེདཔ་ལས་ ས་གནས་གཞུང་གིས་ ལམ་ལུགས་དེ་ བསྟར་སྤྱོད་འབད་ནི་ལུ་ ཐེ་ཚོམ་ཆགས་ཏེ་འདུག་ཟེར་ འཐུས་མི་གིས་ ཞུ་ཡོད་པའི་ གནས་ཚུལ།
བཀྲིས་བསྟན་འཛིན།