རབ་སྟི་སྤྱི་འོག་གི་མཐོང་སྣང་།

སོ་ནམ་ཞིང་ལམ་མེད་མི་གིས་ གཡུས་མི་ཚུ་ལུ་ དཀའ་ངལ་བྱུང་དོ་ཡོདཔ།

༉ བཀྲིས་གཡང་རྩེ་རྫོང་ཁག་  ས་གནས་ཡོ་ཤིང་ལས་ རབ་སྟི་སྤྱི་འོག་བར་ནང་གི་ སོ་ནམ་ཞིང་ལམ་ མཐུད་སྦྲེལ་མེད་མི་ལུ་བརྟེན་ ས་གནས་ཀྱི་མི་སེར་ཚུ་ ཚ་གྱང་ལང་དགོཔ་ཐོན་ཏེ་འདུག།

དེ་ཡང་ སྟོང་ཞང་རྒེད་འོག་བརྒྱུད་དེ་ སོ་ནམ་ཞིང་ལམ་བཏོན་ཡོད་རུང་ གནམ་བྱཱར་ལུ་ སྣུམ་འཁོར་མ་ཐལ་མི་དང་ ལམ་ཐག་རིང་ནི་དེ་གིས་ དཀའ་ངལ་ཡོདཔ་ལས་ སོ་ནམ་ཞིང་ལམ་བསལ་ནི་དོན་ལུ་ རྒེད་འོག་བདག་སྐྱོང་གིས་ ཞིབ་དཔྱད་འབད་ཚར་ཡི་ཟེར་ཨིན་པས།  

རབ་སྟི་སྤྱི་འོག་དེ་ སྟོང་ཞང་རྒེད་འོག་གི་ སྦོ་ལོགས་ཁར་ཆགས་ཡོད་རུང་ མཁོ་ལོང་ཆུ་གིས་བཅད་དེ་ ཡོདཔ་ཨིན་པས།

ས་གནས་ཀྱི་མི་ཚུ་གིས་  སླབ་མིའི་ནང་ རྒེད་འོག་ཡིག་ཚང་ནང་འགྱོ་དགོ་པ་ཅིན་ དཀོན་མཆོག་གླིང་གཡུས་ཚན་མཇུག་ལས་སྦེ་ དོག་གསུམ་དང་ བཀྲིས་གཡང་རྩེའི་ གཞུང་ལམ་ཁར་ཐོན་ཏེ་ འགྱོ་དགོཔ་ལས་ དེ་གིས་  དུས་ཚོད་འགོརཝ་མས་ཟེར་ཨིན་པས།

རབ་སྟི་པཱམ་ལུ་སྡོད་མི་  སྒྲོལ་མ་གིས་ སླབ་མིའི་ནང་  སྟོང་ཞང་རྒེད་འོག་ལས་ མཐུད་སྦྲེལ་འབད་མི་ སོ་ནམ་ཞིང་ལམ་དེ་ གཏན་གཏན་མེདཔ་ལས་ གནམ་བྱཱར་ལུ་ དཀའ་ངལ་འདུག་ཟེར་ཨིན་པས།

སྤྱི་འོག་ནང་ སྟོང་ཞང་རྒེད་འོག་བརྒྱུད་དེ་ འཁོར་ལམ་མཐུད་སྦྲེལ་འབད་ཡོད་རུང་ སྤྱི་འོག་སྟོད་ཀྱི་ མི་སེར་ཚུ་ལུ་མ་གཏོགས་ བར་ན་སྡོད་མི་ཚུ་ལུ་ དེ་ཅིག་ར་ ཕན་མི་ཐོགས་པས་ཟེར་ཨིནམ་ད་ ཁུར་ཆ་འབག་དགོ་པའི་ གདོང་ལེན་སྦོམ་འདུག་ཟེར་ མོ་གིས་སླབ་ཨིན་པས།  

སོ་ནམ་པ་ སྲིད་མཐར་ཕུན་ཚོགས་ཀྱིས་ འབད་བ་ཅིན་ རྒེད་འོག་བདག་སྐྱོང་གིས་ སོ་ནམ་ཞིང་ལམ་བསལ་ནིའི་ ཞིབ་དཔྱད་འབད་ཚར་རུང་ འཁོར་ལམ་བསལ་ནི་མིན་འདུག་ཟེར་ཨིནམ་ད་ སོ་ནམ་ཞིང་ལམ་འཕྲལ་ར་བསལ་ཚུགས་པ་ཅིན་ འབྱ་ཞིང་ཡོད་མི་ཚུ་ལུ་ ཕན་ཐོགས་བྱུང་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་ མེད་མི་ལུ་བརྟེན་  ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་  སྐྱེལ་འདྲེན་འབད་ནི་ལུ་ཡང་  དཀའ་ངལ་བྱུངམ་མས་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ གནམ་བྱཱར་ལུ་ ཚོད་བསྲེ་འཛུགས་སྐྱོང་འབདཝ་ཨིན་རུང་ སྐྱེལ་འདྲེན་འབད་ནི་ལུ་ དཀའ་ངལ་ཡོདཔ་ལས་ སྤྲོ་བ་བསྐྱེད་མི་ མངམ་མིན་འདུག་ཟེར་ཨིན་པས།

གཡུས་མི་ དཀར་དོག་གིས་  སླབ་མིའི་ནང་ ས་གནས་ནང་ ཚོད་བསྲེ་དང་ལོ་ཐོག་ཚུ་ལེགས་ཤོམ་སྦེ་ ཐོན་སྐྱེད་འབད་ཚུགས་རུང་ སྐྱེལ་འདྲེན་གྱི་དཀའ་ངལ་ལུ་བརྟེན་ ཚོང་འབྲེལ་འཐབ་མི་ཚུགས་པས་ཟེར་ཨིན་པས།

ས་གནས་ཀྱི་ མི་སེར་ཚུ་གིས་  བཟའ་སྤྱོད་འབད་ནི་རྐྱངམ་གཅིག་མ་གཏོགས་ ཚོང་འབྲེལ་གྱི་དོན་ལུ་ འཛུགས་སྐྱོང་འབད་ནི་མེད་ཟེར་ཨིནམ་ད་ འཁོར་ལམ་བསལ་བ་ཅིན་ ཚོད་བསྲེ་འཛུགས་སྐྱོང་འབད་འོང་ཟེར་ཨིན་པས།

གཡུས་མི་ཅིག་གིས་ སླབ་མིའི་ནང་ སྤྱི་འོག་ལས་ རྒེད་འོག་ལྟེ་བ་ལུ་འགྱོཝ་ད་ སྣུམ་འཁོར་ནང་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་འགོར་འོང་ཟེར་ཨིནམ་ད་ སོ་ནམ་ཞིང་ལམ་ བསལ་བ་ཅིན་ དུས་ཚོད་དང་ ལམ་གཉིས་ཆ་ར་ ཐུང་ཀུ་འགྱོ་འོང་ཟེར་ཨིན་པས།

སྤྱི་འོག་ཚོགས་པ་ ཐུབ་བརྟན་བཀྲིས་ཀྱིས་ འབད་བ་ཅིན་ སོ་ནམ་ཞིང་ལམ་འཕྲལ་མགྱོགས་ར་  སེལ་གནང་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་དང་གཅིག་ཁར་ ཁ་སླབ་སྟེ་ར་ཡོད་ཟེར་ཨིན་པས།

རྒེད་འོག་བདག་སྐྱོང་གིས་འཁོར་ལམ་སེལ་ནིའི་དོན་ལུ་ ས་བརྐོ་འཕྲུལ་ཆས་ལུ་ སྒུག་སྟེ་ཡོད་ཟེར་ རྒཔོ་གིས་ ཁོ་ལུ་སླབ་དེས་ཟེར་ཨིནམ་ད་ འཁོར་ལམ་དེ་གིས་ སྤྱི་འོག་གི་ ཁྱིམ་གུང་པ་༤༠  ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་འོང་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་  འཁོར་ལམ་བསལ་ཚར་བའི་བསྒང་ལས་ གཡུས་སྤང་འགྱོ་མི་དང་  གུང་སྟོང་གི་གྱངས་ཁ་ མར་ཕབ་འབད་ཚུགས་པའི་ རེ་བའི་ཡོད་ཟེར་ཨིན་པས།

གཡུས་མི་ཚུ་གིས་ འབད་བ་ཅིན་ བཙག་འཐུ་འབད་བའི་སྐབས་ སྲིད་དོན་ཚོགས་པ་དང་  ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བསྐུལ་བསྒྲགས་ནང་ འཁོར་ལམ་ལ་སོགས་པ་ཚུ་ བསལ་བྱིན་འོང་ཟེར་ སླབ་རུང་བཙག་འཐུ་གྲུབ་པའི་བསྒང་ལས་  འབད་མི་ག་ནི་ཡང་ མིན་འདུག་ཟེར་ཨིན་པས།

ས་གནས་ཀྱི་མི་ཚུ་ བཙག་འཐུ་འབད་ཚརཝ་ཅིག་ སོ་ནམ་ཞིང་ལམ་བསལ་འོང་ཟེར་བའི་ རེ་བ་བསྐྱེད་དེ་ཡོད་རུང་ ལཱ་བཤོལ་འགྱངས་སྦེ་ལུས་མི་ལུ་ ཚ་གྱང་ལང་སྟེ་ཡོད་ཟེར་ གཡུས་མི་ རྒས་ཤོས་ཅིག་གིས་ བཤདཔ་ཨིན་པས།

གཡང་རྩེ་རྒཔོ་ མགོན་པོ་གིས་ སླབ་མིའི་ནང་ སོ་ནམ་ཞིང་ལམ་དགོ་པའི་སྐོར་ལས་ རྒེད་འོག་བདག་སྐྱོང་གིས་ ཧ་གོ་ཟེར་ཨིནམ་ད་ སོ་ནམ་ཞིང་ལམ་གྱི་དོན་ལུ་ འཆར་དངུལ་ འབུམ་༡༣ དེ་ཅིག་ བཞག་སྟེ་ཡོད་ཟེར་ཨིན་པས།

སོ་ནམ་ཞིང་ལམ་དེ་ སྤྱི་ཟླ་༤  པ་ལས་ འགོ་བཙུགས་ཚུགསཔ་འབད་ནིའི་ འཆར་གཞི་ཡོད་ཟེར་ཨིནམ་ད་ རྩིས་ལོ་དེ་ནང་བཞག་པའི་ འཆར་དངུལ་གྱིས་མ་ལང་རུང་ ཤུལ་མའི་རྩིས་ལོ་ནང་ འཆར་དངུལ་བཞག་ཐོག་ལས་ སོ་ནམ་ཞིང་ལམ་འཕྲོ་མཐུད་དེ་ར་ བསལ་འོང་ཟེར་ རྒཔོ་གིས་བཤདཔ་ཨིན་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ།  བཀྲིས་གཡང་རྩེ།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *