སོ་ནམ་ཞིང་པ་ཚུ་ལུ་ མགུ་སྐོར་རྐྱབ་མི་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ།

༉ འབྲུག་གི་ཁྲིམས་སྲུང་འགག་སྡེ་གིས་ ཐིམ་ཕུག་རྫོང་ཁག་ ཀ་ཝང་དང་ སྨད་ཝང་རྒེད་འོག་༢ ནང་ སོ་ནམ་ཞིང་པ་ཚུ་ལུ་ མགུ་སྐོར་རྐྱབ་མི་ སྒེར་སྡེའི་ཇོ་བདག་ཅིག་ འཛིན་བཟུང་འབད་ནིའི་དོན་ལུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༡ པའི་ཚེས་༣༠ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་གྱིས་ ཁྲིམས་སྲུང་འགག་སྡེ་ལུ་ ད་ལྟོའི་སྡོད་གནས་ བདེ་ཆེན་ཆོས་གླིང་ སྣུམ་མཛོད་ཁང་གི་ ཉེ་འདབས་ལུ་སྡོད་མི་ གསར་སྤང་རྡོ་བཱན་རྒེད་འོག་ ལྷ་གཡུ་འམ་ མའོ་སྒང་གཡུས་ཚན་ལས་ཨིན་མི་ ར་གུ་པ་ཏི་ སུ་བི་རི་དེ་ འཕྲལ་མགྱོགས་འཛིན་བཟུང་ཐོག་ ཐིམ་ཕུག་ཞི་རྩོད་ཁྲིམས་ཁྲིའི་ ཁྲིམས་ཀྱི་འདུན་སར་ འཁྱིད་འོང་དགོ་པའི་ བཀའ་རྒྱ་གནང་མི་ལུ་བརྟེན་ཨིན་པས།
འཛིན་བཟུང་བཀའ་འཕྲིན་ནང་ རྩོད་རྩ་པདྨ་ཚེ་རིང་གིས་གཙོས་པའི་ སོ་ནམ་པ་༡༤ དང་ བསོད་ནམས་ཆོས་སྒྲོན་གྱིས་གཙོས་པའི་ རྩོད་རྩ་༣༣ གྱིས་ ཚོད་བསྲེའི་རིན་དངུལ་སྐོར་ རྩོད་བཤེར་ཁྲིམས་འདུན་ལུ་ ཕུལ་ཡོད་རུང་ རྩོད་ཟླ་ར་གུ་པ་ཏི་ སུ་བི་རི་གི་ ཁ་བྱང་གཏན་འཁེལ་མེདཔ་མ་ཚད་ མི་སེར་མང་རབས་ཅིག་ལས་ ཚོད་བསྲེ་ལེན་ཐོག་ རིན་གོང་སྤྲོད་མ་བཏུབ་པར་ བརྡབ་གསིག་རྐྱབ་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཞི་རྩོད་དང་ཉེས་རྩོད་བྱ་བའི་གནད་སྤྱོད་ཀྱི་ ཁྲིམས་དེབ་དོན་ཚན་༡༦༣ པའི་ནང་གསེས་ལྟར་ དོགས་ཟོན་ཅན་གྱི་མི་དེ་ འབྲུག་རྒྱལ་ཁབ་ཀྱི་ ས་གནས་ག་ཏེ་ཡོད་རུང་ འཛིན་བཟུང་གི་ དབང་ཚད་གནང་གྲུབ་ཡོདཔ་བཞིན་དུ་ གལ་སྲིད་ འཛིན་བཟུང་གི་ བཀའ་འཕྲིན་གནང་མི་ ཁྲིམས་འདུན་གྱི་ ས་ཁྱོན་དབང་ཁྱབ་བརྒལ་ཏེ་ བསྟར་སྤྱོད་འབད་དགོཔ་ ཐོན་པ་ཅིན་ ཁྲིམས་སྲུང་འགག་སྡེ་གིས་ ས་ཁྱོན་དབང་ཁྱབ་ཅན་མའི་ ཁྲིམས་འདུན་དེ་ལས་ རྒྱབ་སྣོན་ཞུ་སྟེ་ འཛིན་བཟུང་གྲུབ་ཞིནམ་ལས་ ས་ཁྱོན་དབང་ཁྱབ་ཅན་མའི་ ཁྲིམས་འདུན་ལུ་ སྙན་ཞུ་ཕུལ་དགོ་ཟེར་ ཁྲིམས་འདུན་གྱི་ བཀའ་འཕྲིན་ནང་བཀོད་ནུག།
ཐིམ་ཕུག་རྫོང་ཁག་གི་ སོ་ནམ་པ་༤༧ ལུ་མགུ་སྐོར།
ད་ལྟོ་ འཛིན་བཟུང་འབད་མ་ཚུགས་པར་ཡོད་མི་ ར་གུ་པ་ཏི་ སུ་བི་རི་གིས་ སོ་ནམ་པ་ཚུ་ དུས་རྒྱུན་གྱི་ ཚོད་བསྲེ་བཀྲམ་སྤེལ་བ་སྦེ་ ཐོ་བཀོད་འབད་དེ་ བདུན་རིན་བཞིན་དུ་ ཚོད་བསྲེ་བཀྲམ་སྤེལ་འབད་ཐབས་ལུ་ སོ་ནམ་པ་རེ་ལས་ འཐུས་དངུལ་ཀྲམ་༥༠༠ རེ་ ལེན་ཡོདཔ་ཨིན་རུང་ ཚོད་བསྲེ་བཀྲམ་སྤེལ་འབད་བའི་ རིན་མ་ཐོབ་མི་ལུ་བརྟེན་ ཀ་ཝང་རྒེད་འོག་བདག་སྐྱོང་གིས་ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༢༤ ལུ་ ཁྲིམས་ཀྱི་འདུན་སར་ རྩོད་གཞི་བཙུགས་ཡོདཔ་ཨིན་པས།
ད་རུང་ རྩོད་ཟླ་ལུ་ ཉེས་འཛུགས་འབད་མི་དང་འཁྲིལཝ་ད་ ཀ་ཝང་རྒེད་འོག་ ཆོས་འཁོར་དང་ ལྕང་རྟ་སྒང་ བོད་སྒར་ནང་ དར་བཞི་བཟོ་ཤུལ་ སྐུ་གཞོགས་ཅན་གྱི་ སོ་ནམ་ཞིང་པ་༥ འབད་མི་ སྡེ་ཚན་ལུ་ མགུ་འབྱིད་ཐོག་ དངུལ་ཀྲམ་༩༧,༩༤༨ ལེན་འབག་ཡོད་པའི་ ཁ་ཉེས་བཀལ་ནུག།
ད་རུང་ རྩོད་ཟླ་གིས་ ཀ་ཝང་གི་ མི་སེར་ཚུ་ལུ་ མགུ་སྐོར་རྐྱབ་པའི་གནད་ལས་ རྒེད་འོག་བདག་སྐྱོང་གིས་ སྤྱི་ལོ་༢༠༡༦ ཟླ་༧ པའི་ནང་ ཁྲིམས་འདུན་ལུ་ རྩོད་གཞི་བཙུགས་ནུག།
འབྲུག་ཡུལ་ཌེསི་ཊི་ནི་ཟེར་མི་ ཚོང་སྡེ་ལས་འགུལ་གྱི་ཇོ་བདག་ ར་གུ་པ་ཏི་གིས་ སོ་ནམ་པ་༡༨ ལས་དངུལ་ཀྲམ་༢༡༩,༣༥༩ དེ་ཅིག་གི་ ཚོད་བསྲེ་ཉོ་བའི་རིན་ཚུ་ སྤྱི་ལོ་༢༠༡༦ ཟླ་༡ པའི་ཚེས་༡ ལུ་ སྤྲོད་ནི་སྦེ་ ནང་གན་བཟོ་ཡོདཔ་མ་ཚད་ སྨན་ཝང་རྒེད་འོག་ནང་ ཁྱིམ་གུང་༣༨ ལས་ ཐོ་བཀོད་ཀྱི་འཐུས་སྦེ་ དངུལ་ཀྲམ་༥༠༠ རེ་ ལེན་ཡོདཔ་ཨིན་པས།
རྫོང་ཁག་༤ གི་ མི་སེར་ཚུ་ མགུ་སྐོར་འོག་ལུ་ཚུད་ཡོདཔ།
ད་རེས་ ཉེས་འཛུགས་ཅན་ ར་གུ་པ་ཏི་ སུ་བི་རི་ལུ་ ཁྲིམས་འདུན་ལས་ འཛིན་བཟུང་གི་ བཀའ་འཕྲིན་གནང་མི་དེ་ ཐེངས་༢ པ་ཨིནམ་ད་ བཀའ་འཕྲིན་དང་པ་དེ་ པདྨ་དགའ་ཚལ་རྫོང་ཁག་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༦ ཟླ་༦ པའི་ཚེས་༡ ལུ་ གནང་མི་དེ་ཡང་ ཁོ་གིས་ ལྕོང་ཤིང་དང་ མཁར་ གཡུ་རུང་རྒེད་འོག་༣ གྱི་ ཁྱིམ་གུང་༢༥༠ ལུ་ མགུ་སྐོར་རྐྱབ་ནི་དེ་གིས་ཨིན་པས།
ད་རུང་ ར་གུ་པ་ཏི་གིས་ ལོ་དེ་ནང་ར་ པདྨ་དགའ་ཚལ་རྫོང་ཁག་གི་ རྒེད་འོག་༥ ལས་ སོ་ནམ་པ་ཚུ་ལས་ ཚོད་བསྲེ་ཉོ་བའི་རིན་ དངུལ་ཀྲམ་༡༢༧,༠༠༠ སྤྲོད་མ་བཏུབ་པའི་ཁར་ ཐོ་བཀོད་ཀྱི་འཐུས་ བསྡུ་ལེན་འབད་བའི་ རྩོད་གཞི་དེ་ ཁྲིམས་འདུན་ལུ་ ཉམས་རྒུད་པ་ཚུ་གིས་ བཙུགས་ཡོདཔ་ཨིན་པས།
འདི་བཟུམ་མའི་ ཉོགས་བཤད་ཚུ་ རྫོང་ཁག་གཞན་ཚུ་ནང་ ཐོན་ཡོད་མི་དེ་ཡང་ སྤྱི་ལོ་༢༠༡༥ དང་༢༠༡༦ ལུ་ རྩོད་ཟླ་ར་གུ་པ་ཏི་གིས་ མོང་སྒར་རྫོང་ཁག་ སྐྱེངས་མཁར་དང་ འགྱུར་མེད་ ཆ་གླིང་ བ་ལམ་ ཤེར་མུ་ཧཱུྃ་ སྔ་ཚང་རྒེད་༦ གི་ སོ་ནམ་པ་༤༩༤ ལས་ ཐོ་བཀོད་ཀྱི་འཐུས་ དངུལ་ཀྲམ་༥༠༠ རེ་ ལེན་འབག་ཡོདཔ་མ་ཚད་ ཚོད་བསྲེའི་རིན་ཚུ་ཡང་ མ་སྤྲོད་པས།
དེ་གིས་མ་དོ་བར་ རྩོད་ཟླ་གིས་ ཐབས་བྱུས་ཅོག་འཐདཔ་ ལག་ལེན་འཐབ་ཐོག་ལས་ སྤ་རོ་རྫོང་ཁག་གི་ མི་སེར་ཚུ་ལུ་ མགུ་སྐོར་རྐྱབ་ཡོདཔ་ཨིན་པས།
སྤ་རོ་རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ སྙན་ཞུ་བསྡུ་སྒྲིག་འབད་མི་དང་འཁྲིལཝ་ད་ བཙན་ཏོག་དང་ དོལཔ་ཤར་རི་ ལམ་གོང་ ཧཱུྃ་རལ་ དོལ་སྟེང་ ཝང་ཅང་ ལུང་གཉིས་ ཤར་པ་ རྡོ་དཀར་ ནགས་རྒྱ་རྒེད་འོག་༩ གི་ སོ་ནམ་པ་༥༣༦ ལས་ ཐོ་བཀོད་ཀྱི་འཐུས་ དངུལ་ཀྲམ་༥༠༠ རེ་ བསྡུ་ལེན་འབད་བའི་ཁར་ ཁོང་ལས་ ཚོད་བསྲེ་ཉོ་བའི་ རིན་ཡང་མ་སྤྲོད་པས་ཟེར་ཨིན་པས།
སྤུ་ན་ཁ་སྟོད་པའི་ས་རྒེད་འོག་གི་ མི་སེར་ཚུ་གིས་ཡང་ ཚོང་སྡེའི་ཁ་ཐུག་ལས་ སོ་ནམ་གྱི་ཐོན་སྐྱེད་ཚུ་ལུ་ རིན་སྤྲོད་མ་བཏུབ་པའི་སྐོར་ རྫོང་ཁག་བདག་སྐྱོང་ལུ་ ཉོགས་བཤད་ཡི་གུ་བཙུགས་ཡོདཔ་ཨིན་པས།
ཚོང་སྡེའི་ཇོ་བདག་གིས་ རྫོང་ཁག་༥ གི་ སོ་ནམ་པ་ཚུ་ལས་ དངུལ་ཀྲམ་༧༠༠,༠༠༠ ལྷགཔ་ཅིག་ བསྡུ་ལེན་འབད་ཡོད་པའི་གནས་ཚུལ།

About admin

Check Also

སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་གཏང་དགོ་པའི་ཞུ་བ།

༉ ཤར་ཕྱོགས་དང་ ནུབ་ཕྱོགས་ཀྱི་བར་ན་ གཞུང་ལམ་རྒྱ་སྐྱེད་འབད་དོ་ཡོདཔ་ལས་ ཕར་ཚུར་རྒྱུན་འགྲུལ་འཐབ་མི་ཚུ་ལུ་ དུས་ཡུན་མར་ཕབ་འབད་ནི་དང་ སྣུམ་འཁོར་ཚུ་ཡང་ འཁོར་ལམ་ལེགས་ཤོམ་ནང་ འགྲོ་འགྲུལ་འབད་ནིའི་ གོ་སྐབས་ཡོདཔ་ལས་ ག་རང་ལུ་ ཁེ་ཕན་བྱུང་ཡོདཔ་ཨིན་རུང་ སྣུམ་འཁོར་ཤུགས་ཚད་དང་ལྡནམ་སྦེ་ མ་གཏང་པ་ཅིན་ ཐུག་རྐྱེན་འབྱ྄ང་ཉེན་སྦོམ་འདུག་ཟེར་ཞུ་ནི། …

Leave a Reply

Your email address will not be published. Required fields are marked *