སོ་ནམ་ཚོང་ཁང་ཚུ་ རང་འཇགས་བཞག་ནིའི་ འོས་འབབ་བལྟ་དགོཔ།

༉ སྤྱི་ལོ་༢༠༢༡ ལུ་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྫོང་ཁག་ཚུ་ནང་བཙུགས་མི་ སོ་ནམ་ཚོང་ཁང་ཚུ་གི་དོན་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༦.༩༠ བཏང་མི་ལས་ དངུལ་ཀྲམ་ས་ཡ་༢༧.༠༩ གྱོང་རྒུད་ཕོག་ནུག།

སྤྱི་ལོ་༢༠༢༠ ལུ་ ལས་འཛིན་གྱིས་ དངུལ་ཀྲམ་ས་ཡ་༢༨.༤༦ དང་ ལོ་དེ་གི་ཧེ་མ་ཡང་ དངུལ་ཀྲམ་ས་ཡ་༣༥.༦༢ གྱོང་རྒུད་ འབག་སྟེ་ སོ་ནམ་པ་ཚུ་གི་དོན་ལུ་ འགན་ཁུར་འབག་ནུག།

སོ་ནམ་ཚོང་ཁང་གིས་ མཐའ་ཟུར་གྱི་ ས་གནས་ནང་ སྡོད་མི་ཚུ་ལུ་ ཕན་ཐོགས་ག་དེམ་ཅིག་ བྱུང་ཡོདཔ་ཨིན་ན་  ག་ར་གིས་ ཤེས་ས་ལུ་ཨིན་རུང་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ རྒྱལ་ཁབ་ནང་ཡོད་མི་ སོ་ནམ་ཚོང་ཁང་༡༠༡ ག་ར་ ད་རེས་ཀྱི་ཟླཝ་ནང་ལས་ སྒོ་བསྡམ་ནི་སྦེ་ ཐག་བཅད་དེ་འདུག།

སྤྱི་ལོ་༢༠༡༤ ལུ་ གཞུང་གིས་ མི་སེར་ཚུ་གིས་ ཉེར་མཁོའི་བཟའ་འཐུང་ཚུ་ འཐོབ་ཚུགསཔ་བཟོ་ནི་དང་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ བཙོང་སའི་ས་ཁོངས་བཟོ་ནིའི་ དམིགས་གཏད་ཐོག་ལུ་ འགོ་བཙུགས་མི་ ཚོང་ཁང་ཚུ་ འཕྲོ་མཐུད་སྒོ་ཕྱེ་བཞག་ནིའི་ ཐབས་ལམ་མེད་པའི་ དུས་ཚོད་ནང་ ལྷོད་སོ་ནུག། 

དེ་ཡང་ འབྲུག་བཟའ་སྤྱོད་ལས་འཛིན་ལུ་ འདས་པའི་ལོ་༣ ནང་ གྱོང་རྒུད་དངུལ་ཀྲམ་ས་ཡ་༩༡.༡༧ ཕོག་ཡོདཔ་ལས་ ད་ལས་ཕར་ འཕྲོ་མཐུད་ཚོང་ཁང་ཚུ་ སྒོ་ཕྱེ་སྟེ་ བཞག་པ་ཅིན་ རྒུད་དེ་ཡར་སེང་མ་གཏོགས་ ཁེ་སང་བཟོ་ཚུགས་པའི་ འོས་འབབ་རྩ་ལས་ མེདཔ་བཟུམ་ཡོདཔ་ཨིན་མས།

རྒུད་ཕོག་མིའི་ གནད་དོན་༡  ཚོང་ཁང་ཚུ་ནང་ལས་ དངུལ་རྐྱང་གི་ འོང་འབབ་རྒྱ་ཆེཝ་སྦེ་ འོང་ནི་མེདཔ་ལས་ འདས་པའི་ལོ་༦ ནང་ དངུལ་ཀྲམ་ས་ཡ་༡༣༤ ལས་འཛིན་ལུ་ གྱོང་རྒུད་ཕོག་པའི་ཁར་ མཁས་མཆོག་ཚུ་གིས་འབད་རུང་ ཚོང་ཁང་ཚུ་ འཕྲོ་མཐུད་ཚོང་འབྲེལ་འཐབ་ནི་དེ་ འོས་འབབ་མེད་པའི་ གྲོས་འདེབས་བཀོད་ནུག།

ཁེ་སང་མེད་པའི་ཚོང་དེ་ ག་གིས་ཡང་ རྐྱབ་མི་བཏུབ་ནི་ཨིནམ་ལས་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ སྒོ་བསྡམ་ནི་གི་ ཐག་བཅད་མི་ལུ་ ཁ་གཏང་དགོཔ་མེད་རུང་ རྒུད་ཤོས་ར་ མཐའ་ཟུར་གྱི་ སོ་ནམ་པ་ཚུ་ལུ་ འོང་ནི་ཨིན་པས།

མི་སེར་ལུ་ ཕན་ཐོགས་པའི་ ཞབས་ཏོག་དེ་ དེ་སྦེ་ར་ འཕྲོ་བཞག་པ་ཅིན་ ཧེ་མ་ལས་ ཟད་འགྲོ་བཏང་སྟེ་ ཚོང་ཁང་བཙུགས་མི་ མཐུན་རྐྱེན་ཚུ་ འཕྲོ་བརླག་འགྱོ་ནི་དང་ ཚོང་ཁང་གི་ ཞབས་ཏོག་མེདཔ་བཟོ་བ་ཅིན་ གྲོང་གསེབ་མི་སེར་གྱི་ འཚོ་བའི་གནས་སྟངས་ལུ་ ཐོ་ཕོག་ནི་ཨིནམ་ལས་ ཐབས་དང་གནས་སྐབས་ཅིག་ བཏོན་དགོཔ་དེ་ ཁག་ཆེཝ་སྦེ་མཐོངམ་མས། 

ད་ཚུན་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་ གཞུང་གིས་ སླབ་བཞིན་དུ་ རྒུད་འབག་སྟེ་ཨིན་རུང་ ལོ་ངོ་དག་པ་ཅིག་གི་རིང་ འགན་ཁུར་འབག་མི་དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་བྱུང་སྟེ་ཡོད་མི་ལུ་ དགའ་ཚོར་བསྐྱེད་དགོཔ་དང་གཅིག་ཁར་ ད་ལས་ཕར་ འབད་མ་ཚུགས་མི་ལུ་ཡང་ ངལ་རངས་བསྐྱེད་དགོ།

ཚོང་ཁང་ཚུ་ ཆགས་ས་དེ་ མཐའ་ཟུར་ལུ་འབདཝ་ལས་ ཚོང་ཆས་ཚུ་སྐྱེལ་འདྲེན་འབདཝ་ད་ ཟད་འགྲོ་སྦོམ་གནས་མི་ལུ་བརྟེན་ རྒུད་ཕོག་ནིའི་ནང་ ལྷན་ཐབས་འབད་དོ་ཡོདཔ་ལས་ ད་ལས་ཕར་ ག་གིས་འཕྲོ་མཐུད་འབད་རུང་ སྐྱེལ་འདྲེན་གྱི་ ཟད་འགྲོ་མང་སུ་གཏང་དགོཔ་ ངེས་བདེན་ཨིནམ་ལས་ ཁེ་སང་བཏོན་དགོ་པ་ཅིན་ ཚོང་ཆས་ཀྱི་ གོང་ཚད་ལུ་འགབ་སྟེ་ འབྱེམ་དེ་ མི་སེར་ཚུ་ལུ་ མ་བཀལ་བ་ཡང་ མི་བཏུབ་འོང་།

མི་སེར་ལུ་དགོཔ་ ཚོང་ཁང་ཨིནམ་ལས་ ཚོང་ཁང་ལས་ ཕན་ཐོགས་ཡོད་པ་ཅིན་ མི་སེར་ཚུ་གིས་འབད་རུང་ དུམ་གྲ་རེ་གོང་ཚད་མཐོ་སུ་སྤྲོད་ནི་ལུ་ ངོས་ལེན་འབད་བ་ཅིན་ འབྲུག་བཟའ་སྤྱོད་ལས་འཛིན་གྱིས་མ་འབད་རུང་ སྒེར་སྡེ་ ཡང་ན་ གཡུས་སྒོ་ ནང་ཡོད་མི་ མི་སེར་ཚུ་གིས་ འཕྲོ་མཐུད་འབད་ནིའི་ གནས་སྐབས་ཚུ་ བལྟ་བ་ཅིན་ གོ་སྐབས་ལེན་མི་ མ་འཐོན་པའི་ དཔེ་མི་སྲིད། 

About admin

Check Also

ཕྱི་རྒྱལ་མདའ་གཞུའི་ མདའ་རྩེད་བཀག་ཆ་འབད་མི་གིས་ ཟ་ཁང་ལུ་ ཐོ་ཕོག་ཡོདཔ།

༉ ཐིམ་ཕུག་ལྕང་གླིང་མི་ཐང་གི་ འབའ་སྐྱོར་ཐང་ནང་ ཨ་རྟག་བཟུམ་སྦེ་ ཕྱི་རྒྱལ་མདའ་གཞུའི་ཐོག་ལས་ རྩེད་འགྲན་འབད་ནི་ བཀག་ཆ་འབད་བའི་ཤུལ་ལས་ ས་ཁོངས་ནང་ བཟའ་འཐུང་གི་རིགས་བཙོང་སྡོད་མི་ གནས་སྦྲེལ་ཟ་ཁང་གི་ ཇོ་བདག་ལུ་ གནོད་སྐྱོན་སྦོམ་རྐྱབ་སྟེ་ཡོདཔ་ཨིན་པས། དེ་ཡང་ དུས་ཅི་ སྤྱི་ཟླ་༡ …

Leave a Reply

Your email address will not be published. Required fields are marked *