སོ་ནམ་པ་ཚུ་ལུ་ ཞིང་རྨོ་འཕྲུལ་གྱི་ དགོས་མཁོ་ཡོད་པ་ཅིན་ གཞུང་ལས་ བགོ་བཀྲམ་འབད་ནི།

༉ གཞུང་གིས་ མགར་ས་རྫོང་ཁག་ ཁ་སྨད་ལུང་ནག་ནང་ལུ་ ད་ལྟོ་ཚུན་ཚོད་ ཞིང་རྨོ་འཕྲུལ་ པ་ཝར་ཊེ་ལར་ཆུང་བ་གཉིས་གནང་ཡོདཔ་ད་ སྐྱེལ་འདྲེན་གྱི་ སྟབས་བདེ་ཏོག་ཏོ་འགྱོ་བ་ཅིན་ མི་སེར་ཚུ་གི་ ཞུ་བ་འབད་མི་དང་འཁྲིལ་ ད་རུང་ པ་ཝར་ཊེ་ལར་སྦོམ་༡ གནང་ནི་སྦེ་ གྲ་སྒྲིག་ཡོད་ཟེར་ སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་ རྒྱལ་ཡོངས་ཚོགས་འདུ་ནང་ཞུ་ཡི།

དེ་ཡང་ སྤྱི་ཟླ་༦ པའི་ཚེས་༢༢ ལུ་ ཁ་སྨད་ལུང་ནག་ནང་འདེམས་ཁོངས་ལས་ རྒྱལ་ཡོངས་ཚོགས་འདུའི་འཐུས་མི་ པདྨ་འབྲུག་པ་གིས་ གཞུང་གི་ཁ་ཐུག་ལས་ སོ་ནམ་པའི་ མཐའ་དོན་ལུ་དམིགས་ཏེ་ པ་ཝར་ཊེ་ལར་གནང་མི་དེ་གིས་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་རུང་ སའི་ཆགས་ཚུལ་དང་ ས་ཆ་ག་ར་ རྡོ་རུག་ཨིནམ་ལས་ འཕྲུལ་གླང་སྦོམ་གནང་ཐབས་ཡོད་པ་ཅིན་ མི་སེར་ཚུ་ལུ་ ལྷག་པར་དུ་ ཕན་ཐོགས་འབྱུང་ནི་ནི་མས་ཟེར་ ཞུ་བའི་ལན་ལུ་ སོ་ནམ་བློན་པོ་གིས་ ཞུ་ཡི།

སོ་ནམ་བློན་པོ་ ཡེ་ཤེས་རྡོ་རྗེ་གིས་འབད་བ་ཅིན་ ལོ་ལྔའི་འཆར་གཞི་༡༡ པའི་ནང་ གཞུང་གིས་ པ་ཝར་ཊེ་ལར་༡,༢༠༠ མཁོ་སྒྲུབ་འབད་ཡོདཔ་བཞིན་དུ་ སྒེར་གྱི་ཁ་ཐུག་ལས་ སོ་ནམ་གྲོང་ཁྱེར་དང་ ཀརྨ་ཚོང་ལས་ལ་སོགས་པ་ཚུ་གིས་ པ་ཝར་ཊེ་ལར་༢,༠༠༠ དེ་ཅིག་ མཁོ་སྒྲུབ་འབད་ནུག་ཟེར་ཨིན་པས།

གཞུང་གིས་ མཁོ་སྒྲུབ་འབད་མི་ ཞིང་རྨོ་འཕྲུལ་ཚུ་ གཞུང་གི་མ་དངུལ་དང་ ཡང་ཅིན་ སྐྱིན་འགྲུལ་གྱི་ཐོག་ལས་ ཉོ་ཉོཝ་མེན་པར་ ཇ་པཱན་གཞུང་གིས་ པ་ཝར་ཊེ་ལར་༧༤༤ དང་ ཡུ་རོ་པི་ཡཱན་མཐུན་ཚོགས་ཀྱིས་༣༣༦ དེ་ལས་ ལས་སྡེ་གཞན་ཚུ་གིས་༡༢༠ གྲོགས་རམ་སྦེ་ བྱིན་བྱིནམ་ཨིན་ཟེར་ཞུ་ཡི།

གཞུང་གིས་ པ་ཝར་ཊེ་ལར་ཡོངས་བསྡོམས་༩༥༦ བགོ་བཀྲམ་འབད་ཡོདཔ་བཞིན་དུ་ པ་ཝར་ཊེ་ལར་༥༩ ད་ལྟོ་ སྐྱེལ་འདྲེན་འབད་བའི་བསྒང་ཡོདཔ་ལས་ ད་རེས་ཀྱི་ ཟླཝ་མཇུག་མ་བསྡུཝ་ལས་ རྒེད་འོག་ཚུ་ནང་ བཀྲམ་སྤེལ་འབད་ཚར་འོང་ཟེར སོ་ནམ་བློན་པོ་གིས་ཞུ་ཡི།

རྒྱལ་ཁབ་ནང་ པ་ཝར་ཊེ་ལར་ཚུ་ གཞུང་གི་རེ་བ་ལས་ལྷགཔ་སྦེ་ ཐེབས་བགོ་བཀྲམ་འབད་ཚུགས་ཡོདཔ་ལས་ སེམས་དགའ་སྟེ་ཡོད་ཟེར་ ཞུ་ཡི།

ས་གནས་ལུང་ནག་ནང་བཟུམ་ཅིག་གི་ མི་སེར་ཚུ་གིས་ པ་ཝར་ཊེ་ལར་དེ་གིས་ ཁོང་ལུ་ ཕན་ཐོགས་བྱུང་ཡོདཔ་སྦེ་ སླབ་པ་ཅིན་ ས་ཆ་བདེ་ཏོག་ཏོ་དང་ ཞིང་རྨོ་འཕྲུལ་གྱིས་ ཕན་ཐོགས་བྱུང་སྟེ་ཡོད་པའི་ས་གནས་ དཔེར་ན་ སྤུ་ན་ཁ་དང་ དབང་འདུས་ཕོ་བྲང་བསམ་རྩེ་ རྩི་རང་ སྤ་རོ་ལ་སོགས་པའི་ མི་སེར་ཚུ་ གཞུང་གིས་ འཕྲུལ་གླང་པ་ཝར་ཊེ་ལར་ཧེང་སྐལ་ བཀྲམ་སྤེལ་འབད་མི་དེ་ལུ་ སེམས་དགའ་དགོ་ནི་མས་ཟེར་ སོ་ནམ་བློན་པོ་གིས་ཞུ་ཡི།

པདྨ་དགའ་ཚལ་ངང་ལམ་འདེམས་ཁོངས་ཀྱི་འཐུས་མི་ ཆོས་གྲགས་རྒྱ་མཚོ་གིས་ ཁོ་གི་ འདེམས་ཁོངས་ནང་ སོ་ནམ་པ་ཚུ་གི་དོན་ལུ་ ཞིང་རྨོ་འཕྲུལ་ཐེབས་དགོཔ་འདུག་ཟེར་ ཞུ་བའི་སྐབས་ སོ་ནམ་བློན་པོ་གིས་འབད་བ་ཅིན་ མི་སེར་ལུ་ ཕན་ཐོགས་ཡོད་པ་ཅིན་ ས་གནས་ནང་ པ་ཝར་ཊེ་ལར་དགོཔ་སྦེ་ མཁོ་མངགས་དང་ ཞུ་ཚིག་དེ་ ཁོང་ར་ལས་རང་འོང་དགོ་ཟེར་ཨིན་པས།

སོ་ནམ་ལྷན་ཁག་ནང་ ལམ་ལུགས་ཅིག་ཡོདཔ་ལས་ དེ་དང་འཁྲིལ་ཏེ་ སོ་ནམ་ལྷན་ཁག་གིས་ བལྟ་སྦེ་བྱིན་འོང་ཟེར་ སོ་ནམ་བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *