ཤ་མུ་འཛུགས་སྐྱོང་འབད་མི།

སོ་ནམ་པ་ཚུ་གིས་ ཤ་མུ་འཛུགས་སྐྱོང་འབད་དེ་ ཚོང་འབྲེལ་འཐབ་ནི་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོདཔ།

 

༉ རྩི་རང་རྫོང་ཁག་ནང་ མི་སེར་ཚུ་གིས་ ཤ་མུ་འཛུགས་སྐྱོང་འབད་ཞིནམ་ལས་ ཚོང་འབྲེལ་འཐབ་ནིའི་དོན་ལུ་ སྤྲོ་བ་བསྐྱེད་མི་ ཡར་འཕར་འགྱོ་བཞིན་དུ་ཡོདཔ་ཨིན་པས།
མ་གཞི་ སོ་ནམ་པ་ཚུ་གིས་ ལོ་བསྟར་བཞིན་དུ་ ཚོད་བསྲེ་བཙོང་སྟེ་ འོང་འབབ་བཟོ་ཚུགས་མི་དེ་ ཡུན་བརྟན་སྦེ་ར་ གནས་བཞིན་དུ་ཡོད་པའི་ཁར་ ཤ་མུ་འཛུགས་སྐྱོང་ལཱ་འབད་དེ་ འོང་འབབ་ཐོབ་མི་དེ་ ཁོང་གི་དོན་ལུ་ འོང་འབབ་ཐེབས་ཨིན་པས།
རྩི་རང་འགྲམ་ཕུག་ལས་ ཚེ་རིང་ལྷ་མོ་གིས་ ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཤིང་དུམ་བརྩེགས་བཞག་མིའི་གུ་ ཤ་མུ་གི་སོན་བཙུགས་ཞིནམ་ལས་ སྐོར་རྒྱབ་ཐོག་ལསས་ ཉིནམ་༡ ཆུ་བླུགས་རུང་ ཉིནམ་གཅིག་ཆུ་མ་བླུག་པར་ བཞག་དོ་ཡོདཔ་ད་ ཟླཝ་༥ དང་༧ གྱི་རྒྱབ་ལས་ ལྕུག་གུ་སྐྱེ་ནི་ འགོ་བཙུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ ཚེ་རིང་ལྷ་མོ་གིས་ ཟད་འགྲོ་དངུལ་ཀྲམ་༤༧༠,༠༠༠ བཏང་ཐོག་ལས་ ཤ་མུ་འཛུགས་སྐྱོང་ འབད་སའི་ཁང་མིག་དང་ ཤིང་དུམ་དང་ སོན་མཁོ་སྒྲུབ་འབད་ཡོདཔ་ད་ ད་རེས་ ཁང་མིག་ནང་ ཤིང་དུམ་༩༠༠ དེ་ཅིག་ ཡོདཔ་ཨིན་པས།
ཚེ་རིང་ལྷ་མོ་གིས་ སླབ་མིའི་ནང་ འོང་འབབ་རྒྱ་ཆེཝ་འཐོབ་ནིའི་དོན་ལུ་ དངུལ་ཁང་ཚུ་ལས་ སྐྱིན་འགྲུལ་ལེན་མི་ཚུ་ཡང་ ཟླ་རིམ་བཞིན་དུ་ དངུལ་ཀྲམ་༡༠,༠༠༠ རེ་བཏབ་དོ་ཡོདཔ་མི་དེ་ ད་རེས་ནངས་པར་ ཤ་མུ་དེ་ལུ་བརྟེན་ བཏབ་ཚུགས་དོ་ཡོདཔ་ལས་ དཀའ་ངལ་མེད་ཟེར་ཨིན་པས།
ཨིན་རུང་ མི་སེར་ཚུ་གིས་ ཤ་མུ་བཙོང་སའི་ཁྲོམ་མེདཔ་ལས་ དཀའ་ངལ་འདུག་ཟེར་ཨིནམ་ད་ ད་ལྟོ་ཚུན་ མི་སེར་ཁོང་ར་གིས་ ཐབས་ཤེས་བཏོན་ཐོག་ལས་ བཙོང་དོ་ཟེར་ སླབ་ཨིན་པས།
ནང་འཁོད་ལས་ སོ་སྐྱེ་ཤ་མུ་དེ་ སྤྱིར་བཏང་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠༠ སྦེ་བཙོང་དོ་ཡོདཔ་ད་ ཤ་མུ་ འཛུགས་སྐྱོང་ཁང་མིག་ལས་ བདུན་ཕྲག་རེ་ནང་ ཀེ་ཇི་༡༢ དེ་རེ་ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་རུང་ གནམ་དགུན་ལུ་ ཐོན་ཤུགས་མར་བབས་འགྱོ་རུང་ སྐྱེ་བཞིན་དུ་སྡོདཔ་མས་ཟེར་ཨིན་པས།
མི་སེར་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་འགོ་དཔོན་ཚུ་གིས་ ཤ་མུ་སོན་དང་ ཤིང་དུམ་མཁོ་ སྒྲུབ་འབད་ནི་ལུ་ རྒྱབ་སྐྱོར་འབད་དོ་བཟུམ་སྦེ་ ཤ་མུ་སྐམ་ནིའི་དོན་ལུ་ ཐབས་ལམ་བཏོན་དགོཔ་ཡོད་ལུགས་དང་ ད་རེས་ནངས་པར་ ཤ་མུ་འཐུ་ཞིནམ་ལས་ ཉིནམ་༡ དང་༢ ལུ་ བཙོང་ཚུགསཔ་འབད་ནི་མ་གཏོགས་ དེ་གི་ཤུལ་ལས་ རུལ་འགྱོཝ་མས་ཟེར་ཨིན་པས།
དེ་འབདཝ་ལས་ ཐིམ་ཕུག་དང་ དབང་འདུས་ དགེ་ལེགས་ཕུག་ཁྲོམ་ཚུ་ནང་ བཙོང་ནིའི་དོན་ལུ་ ཐབས་ཤེས་ བཏོན་པའི་བསྒང་ཡོད་ཟེར་ཨིནམ་ད་ ད་ལྟོའི་གནས་སྟངས་ནང་འབད་བ་ཅིན་ ཆུ་གཏོར་ཅ་ཆས་དེ་ ཆུ་ནང་དུས་ཡུན་ཆུ་ཚོད་༢༤ གི་རིང་ སྦང་བཞག་དོ་ཟེར་ཨིན་པས།
པ་ཚལ་གླིང་རྒེད་འོག་ལས་ པདྨ་རྒྱལ་མཚན་ཤར་པ་གིས་ ལོ་༥ འི་ཧེ་མར་ ཤ་མུ་འཛུགས་སྐྱོང་འབད་ཡོདཔ་ད་ དེ་ཡང་ ཟླ་ངོ་གཅིག་གི་རིང་ ཤ་མུ་འཛུགས་སྐྱོང་འབད་ནིའི་སྦྱོང་བརྡར་ལས་རིམ་ནང་ བཅའ་མར་གཏོགས་པའི་ ཤུལ་ལས་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ད་རེས་ནངས་པར་ གཡུས་མི་ཚུ་གི་དོན་ལུ་ དངུལ་ཐོག་འོང་འབབ་ངོ་མ་ར་ ཤ་མུ་དེ་ཨིནམ་ད་ ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལུ་ གྲོང་གསེབ་ཀྱི་ མི་སེར་ཚུ་གིས་ ལཱ་ཐེབས་ར་འབད་དོ་ཟེར་ ཨིན་པས།
དེ་བཟུམ་སྦེ་ གུང་པ་༧ དེ་ཅིག་གིས་ ཤ་མུ་འཛུགས་སྐྱོང་འབད་ནི་ཨིན་ཟེར་ ཐོ་བཀོད་འབད་ཡོདཔ་བཞིན་དུ་ སོན་དང་ ཆུ་གཏོར་ཅ་ཆས་ཚུ་ སྦོ་ལོགས་ཁར་ལས་ ཐོབ་དོ་ཟེར་ཨིནམ་ད་ པདྨ་རྒྱལ་མཚན་ཤར་པ་གིས་ འདས་པའི་ལོ་ཚུ་ནང་ ཨ་ལཱན་ཅི་འཛུགས་སྐྱོང་འབད་མི་དེ་ ཁོ་གི་དོན་ལུ་ དངུལ་ཐོགས་འོང་འབབ་བཟོ་མི་ གཙོ་བོ་ཅན་ཅིག་འབད་རུང་ ཐོན་སྐྱེད་དེ་ ལོ་༡ ནང་ཚར་གཅིག་ལས་བརྒལ་མེདཔ་ལས་ ཤ་མུ་གུ་ལཱ་ཡང་ འབད་ནི་འགོ་བཙུགས་ཡི་ཟེར་ཨིན་པས
ཁོ་གིས་ ད་རེས་ནངས་པར་ ཤ་མུ་ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༠༠ རེ་སྦེ་ བཙོང་ཡོད་པའི་ཁར་ ཤ་མུ་འཛུགས་ སྐྱོང་འབད་ནིའི་ ཤིང་དུམ་༡༠༠༠ དེ་ཅིག་ཡོད་ཟེར་ཨིན་པས།
ཤིང་དུམ་དང་ ཤ་མུ་འཛུགས་སྐྱོང་འབད་ནིའི་དོན་ལུ་ ཁང་མིག་བཟོ་སྐྲུན་འབད་བའི་ཤུལ་ལས་ དཀའ་ངལ་དུམ་གྲ་རེ་ལས་བརྒལ་མེད་ཟེར་ཨིནམ་ད་ དེ་ཡང་ ཤིང་དུམ་དེ་ སའི་གནས་སྟངས་རློནམ་ཡོད་སར་བཞག་དགོ་ནི་དེ་ གིས་ཨིན་ཟེར་ཨིན་པས།
པདྨ་རྒྱ་མཚོ་ཤར་པ་དང་འཁྲིལཝ་ད་ ཤ་མུ་གི་ལཱ་འབད་དེ་ འོང་འབབ་བཟོ་ནི་བ་ ཕགཔ་ ཡང་ཅིན་ བྱ་གསོ་ སྐྱོང་འབད་ནི་དེ་ དྲག་ནི་བཟུམ་འདུག་ཟེར་ཨིན་པས།
སྐྱེས་ལོ་༣༤ ལང་མི་ ཤ་བྷ་དུར་གུ་རུང་གིས་ ལོ་༣ གྱི་ཧེ་མ་ ཤ་མུ་འཛུགས་སྐྱོང་གི་ལཱ་འབད་ནི་འགོ་བཙུགས་ཡོདཔ་ད་ དེ་བསྒང་ གཡུས་ཚན་ནང་ ཤ་མུ་གི་ལཱ་འབད་མི་ ལེ་ཤ་ཅིག་མེད་རུང་ རྫོང་ཁག་གིས་ འགོ་འདྲེན་འཐབ་ཐོག་ལས་ མི་སེར་ཚུ་ལུ་ ལམ་སྟོན་བྱིན་པའི་ཤུལ་ སྤྲོ་བ་བསྐྱེད་མི་ཐོན་ཡོདཔ་བཟུམ་སྦེ་ ད་རེས་ནངས་པར་ གུང་པ་༩ གིས་ ཐོ་བཀོད་འབད་དེ་ཡོད་ཟེར་ཨིན་པས།
ཤ་བྷ་དུར་གུ་རུང་དང་འཁྲིལཝ་ད་ ཤ་མུ་འཛུགས་སྐྱོང་གི་ལཱ་ལུ་ མ་རྩ་བཙུགས་ཚུགས་པ་ཅིན་ མི་ཕྱུགཔོ་འགྱོ་ནི་ མ་གཏོགས་ སྤྱང་ཀ་མི་ཐལ་ཟེར་ཨིནམ་ད་ ཤ་མུ་ཚོང་འབྲེལ་གྱི་ལཱ་འབད་ནི་དེ་ བཞག་ནི་མི་འོང་ཟེར་ཨིན་པས།
དཀའ་ངལ་ཟེར་རུང་ ཤ་མུ་འཛུགས་སྐྱོང་འབད་ནིའི་ ཤིང་དུམ་དེ་ཨིནམ་ད་ ཤ་མུ་འཛུགས་སྐྱོང་འབད་མི་ ལོ་བསྟར་བཞིན་དུ་ ཡར་འཕར་འགྱོ་དོ་ཡོདཔ་ལས་ ཤིང་དུམ་ཐོབ་མ་ཚུགས་པའི་དཀའ་ངལ་འདུག་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བཀྲིས་ཕུན་ཚོགས།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *