ལོད་སྦིས་ལུ་ ཚོད་བསྲེའི་སྒོ་ཚོང་རྐྱབ་མི་ ལེ་ཤ་ཡོད་རུང་ ཚོང་མགྲོན་པ་རེ་གཉིས་མ་གཏོགས་ འོང་ནི་མེདཔ་ཨིན་པས།

སོ་ནམ་པ་དང་ སྒོ་ཚོང་པ་ཚུ་ ཚོད་བསྲེའི་གོང་ཚད་ཚུ་ལུ་ སེམས་མ་དགའ་བར་ཡོདཔ།

༉ རྒྱལ་ཡོངས་འགྲུལ་སྐྱོད་བཀག་དམ་འབད་མི་ལུ་བརྟེན་ ཚོད་བསྲེའི་གོང་ཚད་ཡར་སེང་རྐྱབ་སྟེ་ བཙོང་པའི་སྐོར་ ཉོ་སྤྱོདཔ་ཚུ་གིས་ ཉོགས་བཤད་བཀོདཔ་བཞིན་དུ་ སྒོ་ཚོང་པ་དང་ སོ་ནམ་པ་ཚུ་གི་བར་ན་ཡང་ གོང་ཚད་ཀྱི་སྐོར་ ཕར་ཚུར་ཁ་ཉེས་བཀལ་དོ་ཡོདཔ་ཨིན་པས།

ཨིན་རུང་ སྒོ་ཚོང་པ་དང་ སོ་ནམ་པ་༢ ཆ་ར་ ཚོད་བསྲེའི་གོང་ཚད་མར་ཕབ་འབད་མི་ལུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

དཀར་སྦིས་ས་རྒེད་འོག་ བསིལ་རི་སྒང་སྤྱི་འོག་ནང་ ཁྱིམ་གུང་པ་༡༥༠ ཡོད་མི་ག་ར་གིས་ ཚོད་བསྲེའི་ལཱ་འབད་ཡོདཔ་ད་ འཕྲལ་ཁམས་ཅིག་ཁར་ ཁོང་གི་ སོ་ནམ་ཐོན་སྐྱེད་ཀྱི་ གོང་ཚད་མར་ཕབ་འབད་ཡོདཔ་ལས་ སེམས་ཕམ་བྱུང་ཡོདཔ་ཨིན་པས།

སྤྱི་འོག་ཚོགས་པ་ཀུན་ལེགས་ཀྱིས་ ཚོད་བསྲེ་ཚུ་ མི་རུལ་ནིའི་དོན་ལུ་ སོ་ནམ་པ་ཚུ་གིས་ ཐབས་ར་མེད་པར་ བཙོང་དགོཔ་བྱུང་ཡོད་ཟེར་ཨིནམ་ད་ ཚོད་བསྲེ་ཚུ་ཡང་ མེ་ཏོག་ཀོ་པི་དང་ ལ་ཕུག་ སྒོགཔ་ མེ་ཏོག་ཧོན་ཚོད་  འོད་སུ་ཚུ་ཨིན་པས།

མེ་ཏོག་ཧོན་ཚོད་དང་ མེ་ཏོག་ཀོ་པི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༥༠ དང་༡༠༠ གི་བར་ན་ བཙོང་དོ་ཡོདཔ་ད་ གོང་ཚད་མར་ཕབ་མ་འབད་བའི་ཧེ་མར་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༡༥༠ རེ་ བཙོང་ཡོདཔ་ཨིན་པས།

སོ་ནམ་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ གོང་ཚད་ཚུ་ སོ་ནམ་ལྷན་ཁག་གིས་ ཚད་གཞི་བཟོ་མི་དང་བསྟུན་ བཙོངམ་ཨིན་རུང་ སྒོ་ཚོང་པ་ཚུ་གིས་ གོང་ཚད་དེ་ལ་ཡང་ མར་ཕབ་འབད་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།

བརཔ་རྒེད་འོག་ལས་ སོ་ནམ་པ་ ཀུན་ལེགས་ཀྱིས་ སླབ་མིའི་ནང་ མ་གཞི་ ཧོན་ཚོད་ཆགས་པ་རེ་གིས་ དངུལ་ཀྲམ་༢༠ རེ་ ཐོབ་དགོཔ་ཨིན་རུང་ ཁོ་གིས་ སྒོ་ཚོང་པ་ལུ་ དངུལ་ཀྲམ་༡༠ རེ་སྦེ་ བཙོང་ཡི་ཟེར་ཨིནམ་ད་ ལ་ཕུག་མ་གཏོགས་ ཚོད་བསྲེ་གཞན་ཡོད་མི་ཚུ་གི་ གོང་ཚད་དེ་ དངུལ་ཀྲམ་༡༠ དང་༢༠ གི་བར་ན་ མར་བབས་ཡར་སོ་ཡི་ཟེར་ ཀུན་ལེགས་ཀྱིས་ བཤདཔ་ཨིན་པས།

ཨིན་རུང་ ཧོན་ཚོད་དང་ འོད་སུ་ སྒོགཔ་ཚུ་ སྤུ་ན་ཁ་དང་ དབང་འདུས་ཁྲོམ་ནང་ ཆག་པ་རེ་ལུ་ དངུལ་ཀྲམ་༡༥ དེ་ཅིག་ལས་བརྒལ་ བཙོང་མི་ཆོགཔ་ལས་ ཐོན་སྐྱེད་དེ་ཚུ་ མང་ཤོས་ར་ ངུལ་ཀྲམ་༡༠ རེ་སྦེ་ བཙོངམ་ཨིན་པས།

སྒོ་ཚོང་རྐྱབ་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ སོ་ནམ་པ་ཚུ་ལས་ཉོཝ་ད་ ཚོད་བསྲེ་ཚུ་ ཕད་ཙེ་སྦེ་སྟེ་ ཁྲོམ་ནང་བཙོང་པའི་སྐབས་ གྱོང་རྒུད་ཕོགཔ་མས་ཟེར་ཨིནམ་ད་ སོ་ནམ་པ་ལས་ ཚོད་བསྲེ་བམ་ཆག་སྦེ་ཉོ་སྟེ་བཙོངམ་ད་ ཆག་པ་རེ་ལས་ དངུལ་ཀྲམ་༥ རེ་ ཁེ་སང་འཐོབ་ནི་ཡོད་ཟེར་ བཤདཔ་ཨིན་པས།

སྒོ་ཚོང་པ་ ལྷག་པ་སྒྲོལ་མ་གིས་ སླབ་མིའི་ནང་ འགྲུལ་སྐྱོད་བཀག་དམ་དང་པའི་སྐབས་ སྒོ་ཚོང་པ་ཚུ་གིས་ སོ་ནམ་པ་ཚུ་ལས་ ཚོད་བསྲེ་ཉོ་ནིའི་དོན་ལུ་ རྫོང་ཁག་ལས་ སྣུམ་འཁོར་ཐོབ་ཡོད་རུང་ ད་རེས་ སྒོ་ཚོང་པ་ཚུ་ ཚོད་བསྲེ་བསྡེ་ལེན་འབད་བར་ རྒེད་འོག་ནང་ འགྱོ་དགོ་པས་ཟེར་ཨིན་པས།

རྫོང་ཁག་དང་ རྒེད་འོག་ དེ་ལས་ སྤྱི་འོག་ཚུ་ནང་ ལྷན་ཁག་གིས་ ཚད་གཞི་བཟོ་མི་ གོང་ཚད་གུ་ གནས་མ་གནས་ ལྟ་རྟོག་འབད་མི་ འགོ་ཁྲིདཔ་ཚུ་ཡོད་ཟེར་ཨིན་པས།

ལོད་སྦིས་ས་ལས་ ཚོད་བསྲེ་ཚོང་པ་ འཕྲིན་ལས་ཆོས་སྒྲོན་གྱིས་འབད་བ་ཅིན་ ཉོ་མི་མེདཔ་ལས་ མོ་གི་ ཚོང་ཁང་ནང་བཞག་མི་ ཚོད་བསྲེ་མང་ཤོས་ར་ བཀོག་བཏང་དགོཔ་ བྱུང་ཡི་ཟེར་ཨིནམ་ད་ འདས་པའི་བདུན་ཕྲག་དག་པ་ཅིག་ནང་ ཚོད་བསྲེ་ཚུ་ནང་ མ་རྩ་བཙུགས་མི་ལས་ ཁེ་སང་ག་ནི་ཡང་ མ་ཐོབ་ཟེར་ བཤདཔ་ཨིན་པས།

ཨིན་རུང་ ཉོ་མི་ཚུ་གིས་ ཚོད་བསྲེའི་གོང་ཚད་ཚུ་ མཐོ་དྲགས་པས་ཟེར་ ཉོགས་བཤད་བཀོདཔ་མས་ཟེར་ འཕྲིན་ལས་ཆོས་སྒྲོན་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ལྕང་རྒེད་འོག་ནང་ མཇུག་བསྡུ་ནི་མེད་པའི་ སའི་རྩོད་རྙོགས་ཐོན་བཞིན་དུ་ཡོདཔ།

༉ ཧེ་མའི་འབྱ་ཞིང་ཚུ་ གནས་གོང་ཅན་གྱི་ རྒྱུ་དངོས་ཅིག་ལུ་ གྱུར་ཡོད་མི་ ཐིམ་ཕུག་ལྕང་རྒེད་འོག་ནང་ ས་ཆ་དང་འབྲེལ་བའི་ རྩོད་རྙོགས་སྐོར་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་སྙན་ཞུ་ནང་ གསལ་བཀོད་འབད་མི་དེ་གིས་ རྩོད་གཞི་ལེ་ཤ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས། དེ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ …

Leave a Reply

Your email address will not be published. Required fields are marked *