སོ་ནམ་པ་༤༠༧ གྱིས་ ད་ལྟོ་ཡང་ སོ་ནམ་སྐྱིན་འགྲུལ་ ཐོབ་མ་ཚུགས་པར་ཡོདཔ།

༉ རྩི་རང་གི་ སོ་ནམ་པ་ཚུ་གིས་ འགྲམ་ཕུག་ཁྲོམ་ཁར་ཡོད་མི་ ཡིག་ཚང་ཅིག་ནང་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ འབྲི་ཤོག་བཀང་ཡོདཔ་མ་ཚད་ ཐོ་བཀོད་ཀྱི་འཐུས་སྤྲོད་དེ་ ལོ་༡ ལྷག་སོ་རུང་ ད་ལྟོ་ཡང་ སྐྱིན་འགྲུལ་ཐོབ་མ་ཚུགས་པར་ དབུགས་འགམ་སྟེ་ ཡོདཔ་ཨིན་པས།
ཡིག་ཚང་དེ་གིས་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་བཟོ་སྟེ་ མི་ཚུ་ལུ་ འབྲི་ཤོག་བཀྲམ་ཡོདཔ་མ་ཚད་ མི་རེ་ལས་ ཐོ་བཀོད་ཀྱི་འཐུས་ དངུལ་ཀྲམ་༣༠༠ རེ་ བསྡུ་ལེན་འབད་ཡོད་པའི་ ཉོགས་བཤད་བཀོད་ཡོདཔ་ཨིན་པས།
སོ་ནམ་པ་ཚུ་གིས་ སླབ་མིའི་ནང་ རྩི་རང་གི་མི་༤ དང་ དར་དཀར་ནང་ལས་ཨིན་མི་ ཞི་གཡོག་བགྲེསཔ་ གོ་པཱལ་ཝའི་བ་ ལ་མ་གིས་ གཡུས་ཁར་འོང་སྟེ་ སྐྱིན་འགྲུལ་ལེན་ནིའི་ སེམས་ཤུགས་བསྐྱེད་བཅུག་ཡི་ཟེར་ཨིན་པས།
སོ་ནམ་པ་ཚུ་གིས་འབད་བ་ཅིན་ སྡེ་ཚན་དེ་གིས་ སྐྱེད་བརྒྱ་ཆ་༤ གི་ཐོག་ལུ་ སྐྱིན་འགྲུལ་བྱིན་ནི་ཨིནམ་མ་ཚད་ ཟླ་རིམ་གྱི་བཙུགས་རིམ་ཡང་ སྐྱིན་འགྲུལ་ལེན་ཏེ་ ཟླཝ་༨ ཀྱི་ཤུལ་ལས་རྐྱངམ་གཅིག་ བཏབ་དགོ་ཟེར་སླབ་པའི་སྐབས་ རྫོང་ཁག་གི་ སོ་ནམ་པ་༤༠༧ གྱིས་ སོ་ནམ་མཉམ་ལས་ཚོགས་སྡེ་༧༣ བཟོ་སྟེ་ སྐྱིན་འགྲུལ་གྱི་ ཡིག་ཆ་བཙུགས་ཅི་ཟེར་ སླབ་ཨིན་པས།
ད་ལྟོ་ཚུན་ ཁོང་ཆ་ཁྱབ་ སྐྱིན་འགྲུལ་མ་ཐོབ་མ་ཚད་ འཐུས་དངུལ་ཀྲམ་༣༠༠ བཙུགས་མི་དེ་ཡང་ ལོག་མ་ཐོབ་ནི་དེ་གིས་ འཕྲལ་ཁམས་ཅིག་ཁར་ གནད་དོན་དེའི་སྐོར་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ པདྨ་རྒྱ་མཚོ་ལུ་ ཞུ་ཡོདཔ་ད་ མཉམ་ལས་ཚོགས་སྡེ་ཅིག་གི་འཁྲི་འཛིན་ ཀར་ན་བྷ་དུར་ སུ་བ་གིས་ ཧེ་མ་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ སོ་ནམ་པ་རེ་རེ་ འཐུས་མི་སྦེ་ བཅའ་མར་གཏོགས་དགོཔ་སྦེ་སླབ་སྟེ་ ཐོ་བཀོད་འབད་བའི་སྐབས་ སོ་ནམ་པ་རེ་གིས་ འཐུས་དངུལ་ཀྲམ་༣༠༠ སྤྲོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ སྐྱིན་འགྲུལ་དེ་ མི་ངོ་རྐྱང་སྦེ་ ལེན་དགོ་ཟེར་མི་དེ་ ཤུལ་ལས་ ལམ་ལུགས་དུམ་གྲ་ཅིག་ བསྒྱུར་བཅོས་འབད་ནི་དེ་གིས་ སྡེ་ཚན་སྦེ་བཙུགས་ཟེར་ སླབ་མི་དེ་གིས་ མཉམ་ལས་ཚོགས་སྡེ་ གཞི་བཙུགས་འབད་ནི་ འགོ་བཙུགས་ཅི་ཟེར་ཨིནམ་ད་ ཤུལ་ལས་ སྐྱིན་འགྲུལ་མ་ཐོབ་པའི་སྐབས་ འཕྲལ་འཕྲལ་ཡིག་ཚང་ནང་ འགྱོ་མི་དེ་གིས་ར་ མི་རེ་ལུ་ ཟད་འགྲོ་དངུལ་ཀྲམ་༡,༠༠༠ ལས་བཅད་དེ་ གནས་ཡོདཔ་ད་ ཁོ་གིས་ ཟད་འགྲོ་༥,༠༠༠ བཏང་ཡོདཔ་ཨིན་པས།
མཉམ་ལས་ཚོགས་སྡེ་ གཞན་ཅིག་གི་ཁྲི་འཛིན་ པུར་ན་བྷདུར་ བིས་ཏ་གིས་ སླབ་མིའི་ནང་ ཁོང་གིས་ སྐྱིན་འགྲུལ་གྱི་དོན་ལུ་ ལཱ་འབད་བའི་སྐབས་ ཡིག་ཚང་དེ་ ཧེ་མ་ ཚོང་ལས་གོང་འཕེལ་ཡིག་ཚང་གསརཔ་ཨིན་ཟེར་མི་དེ་ ཤུལ་ལས་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ཨིན་ཟེར་ སླབ་ཡོདཔ་ད་ ཁོ་གི་སྡེ་ཚན་གྱིས་ སྒོ་ནོར་གྱི་ ཚོང་ལཱ་འགོ་བཙུགས་ནི་སྦེ་ འཐུས་མི་༡༦ འབད་མི་ སྡེ་ཚན་བཟོ་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ འགྲམ་ཕུག་ལུ་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ ཟླཝ་༢ དེ་ཅིག་ལངམ་ད་ ཡིག་ཚང་གི་ལས་བྱེདཔ་ཚུ་གིས་ ལཱ་འབད་དོ་ཟེར་སླབ་རུང་ དེའི་ཤུལ་ལས་ ཡིག་ཚང་སྒོ་བསྡམས་ནུག་ཟེར་ཨིནམ་ད་ སོ་ནམ་པ་ མང་ཤོས་ཅིག་གིས་ ད་ལྟོའི་བར་ན་ཡང་ ཁོང་རའི་ཏི་རུ་དེ་ ལོག་འཐོབ་ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ཨིན་པས།
གནད་དོན་དེའི་སྐོར་ལས་ རྫོང་ཁག་ནང་ གཞུང་གི་འགོ་དཔོན་ ག་བྱོནམ་ཅིག་ ཞུ་དོ་ཡོདཔ་བཞིན་དུ་ འཕྲལ་ཁམས་ཅིག་ཁར་ སོ་ནམ་བློན་པོ་ཡེ་ཤེས་རྡོ་རྗེ་ བྱོན་པའི་སྐབས་ལུ་ཡང་ ཞུ་ཡོདཔ་ད་ མནྜལ་སྒང་ལས་ སོ་ནམ་པ་ ཚེ་རིང་སྒྲོལ་མ་གིས་འབད་བ་ཅིན་ སྐྱིན་འགྲུལ་ཡིག་ཚང་དེ་ རྩི་རང་ལུ་ཡོད་པའི་ མི་སེར་དམངས་གཙོ་ཚོགས་པ་གིས་ གཞི་བཙུགས་འབད་ནུག་ཟེར་ ཉོགས་བཤད་བཀོད་དོ་ཡོདཔ་ཨིན་པས།
དེ་བསྒང་ བློན་པོ་ཡེ་ཤེས་རྡོ་རྗེ་གིས་ འཐུས་མིའི་འཐུས་དེ་ ལོག་སྤྲོད་ནི་ཨིན་ཟེར་ གསུངས་ཡོདཔ་མ་ཚད་ གཞུང་གིས་ སོ་ནམ་པ་ཚུ་གིས་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་ནི་ལུ་ སེམས་ཤུགས་བསྐྱེད་དོ་ཡོདཔ་ཨིན་རུང་ འཐུས་ལེན་དགོ་པའི་སྐོར་ལས་ བཀའ་རྒྱ་ག་ནི་ཡང་མེད་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *