སོ་ནམ་དང་འབྲེལ་བའི་དཀའ་སྡུག།

༉ འབྲུག་རྒྱལ་ཁབ་ནང་ སྤྱིར་བཏང་དབུལ་ཕོངས་ཀྱི་ གནས་ཚད་དེ་ དུམ་གྲ་ཅིག་ མར་བབས་སོང་ཡོད་རུང་ སོ་ནམ་སྡེ་ཚན་ནང་ དབུལ་ཕོངས་མཐོ་ཤོས་ཡོད་མི་དེ་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ཨིན་མི་དེ་ཡང་ འབྲུག་གི་མི་འབོར་བརྒྱ་ཆ་༥༦ འཚོ་བ་སོ་ནམ་ལུ་ བརྟེན་སྡོད་མི་ འབད་བ་ལུ་བརྟེན་ཨིན།
སོ་ནམ་དང་འབྲེལ་བའི་ དབུལ་ཕོངས་ཀྱི་ དཀའ་ངལ་དེ་ སྤྱི་ལོ་༢༠༡༢ ལུ་ བརྒྱ་ཆ་༤༣.༩ ཡོད་མི་ལས་ ད་རེས་འབདཝ་ད་ བརྒྱ་ཆ་༦༨.༨ ལུ་ ཡར་སེང་སོང་སྟེ་འདུག་ཟེར་ སྤྱི་ལོ་༢༠༡༧ ལོའི་དབུལ་ཕོངས་ཀྱི་ ཞིབ་འཚོལ་སྙན་ཞུ་ནང་བཀད་ནུག།
ང་བཅས་ཀྱིས་ གོང་འཕེལ་ལས་དོན་ཚུ་ལུ་ བརྩོན་ཤུགས་བསྐྱེདཔ་ད་ རྒྱལ་ཁབ་ཀྱི་ གོང་འཕེལ་ནང་ ལྷན་ཐབས་དང་ འོས་འབབ་ལེགས་ཤོམ་ཡོད་མི་ སོ་ནམ་སྡེ་ཚན་དེ་ སྣང་མེད་སྦེ་ བཞགཔ་ཨིན་མས།
མ་གཞི་ སོ་ནམ་ལྷན་ཁག་གིས་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ སྒོ་ནོར་དང་ སོ་ནམ་གྱི་ཐོན་སྐྱེད་ གོང་འཕེལ་གཏང་ནིའི་དོན་ལུ་ སོ་ནམ་ཞིང་པ་སྡེ་ཚན་དང་ མཉམ་ལས་ལས་ཚོགས་ཚུ་ གཞི་བཙུགས་འབད་དེ་ འཕྲུལ་ཆས་དང་ སོན་བགོ་བཀྲམ་ སྐྱིན་འགྲུལ་ལ་སོགས་པའི་ཐོག་ལས་ ཕན་གྲོགས་འབད་དོ་ཡོདཔ་ཨིན་རུང་ གནད་དོན་ལ་ལོ་ནང་ བརྩོན་ཤུགས་བསྐྱེད་མི་ཚུ་ སྲིད་ཀྱི་དབང་དུ་ཐལ་དོ་བཟུམ་མའི་ བརྡ་སྟོནམ་མས།
དཔེར་ན་ རྩི་རང་དང་ དར་དཀར་ནང་ རྫོང་ཁག་ནང་ སོ་ནམ་ཞིང་པ་ཚུ་ལུ་ སྒོ་ནོར་ཐོན་སྐྱེད་དང་ སོ་ནམ་མཉམ་ལས་ཚོགས་པ་ཚུ་ གཞི་བཙུགས་འབད་བཅུག་སྟེ་ གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་ལས་ སྐྱིན་འགྲུལ་ལེན་ནིའི་དོན་ལུ་ འབྲི་ཤོག་བཀང་བཅུག་ཡོད་རུང་ ད་ཚུན་གྱི་བར་ན་ ངོས་ལེན་ག་ནི་ཡང་ མ་ཐོབ་པར་ རྩི་རང་གི་ སོ་ནམ་པ་༤༠༧ དབུགས་འགམ་སྡོད་ནུག།
སོ་ནམ་པ་ཚུ་ལུ་ གཞུང་སྐྱོང་ཚོགས་པ་ཨིན་མི་ མི་སེར་དམངས་གཙོ་ཚོགས་པའི་ རྫོང་ཁག་མཉམ་འབྲེལ་པ་ཨིན་ཟེར་སླབ་མི་ ངོ་རྐྱང་ཚུ་གིས་ མགུ་སྐོར་རྐྱབ་ཡོད་པའི་ ཁ་ཉེས་ཡོདཔ་ད་ སྐྱིན་འགྲུལ་འཐོབ་ནི་གི་ རེ་བ་བསྐྱེད་མི་ སོ་ནམ་པ་ཚུ་གིས་ མཉམ་ལས་ལས་ཚོགས་ གཞི་བཙུགས་འབད་ནིའི་དོན་ལུ་ འབྲི་ཤོག་ནང་ མིང་རྟགས་རྐྱབ་སྟེ་ འཐུས་མིའི་འཛུལ་འཐུས་ དངུལ་ཀྲམ་༣༠༠ རེ་སྤྲོད་ནུག།
འབྲི་ཤོག་ཚུ་ཡང་ འགྲམ་ཕུག་ལུ་ཡོད་མི་ མི་སེར་དམངས་གཙོ་ཚོགས་པའི་ ཡིག་ཚང་ནང་སྦེ་ བཀང་བཅུག་པའི་ ཁ་ཉེས་ཡོདཔ་ད་ སྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་ཏེ་ ལོ་ལྷག་སོང་ཡོདཔ་མ་ཚད་ སོ་ནམ་བློན་པོ་གིས་ཡང་ ཐོབ་ཚུགསཔ་བཟོ་ནི་གི་ ཁས་ལེན་འབད་ཡོད་རུང་ མི་སེར་ཚུ་ ད་ལྟོའི་བར་ན་ཡང་ སྐྱིན་འགྲུལ་ལུ་ སྒུག་སྡོད་ནུག།
སོ་ནམ་པ་ཚུ་གིས་ རྫོང་ཁག་དེ་ནང་ མགྱོནམ་ག་བྱོན་རུང་ དེ་བསྒང་ གོ་སྐབས་ལེན་ཐོག་ལས་ སྐྱིན་འགྲུལ་མ་ཐོབ་པའི་སྐོར་ ཞུ་བ་ཕུལ་ཡོད་རུང་ ག་གིས་ཡང་ ངོས་ལེན་མ་འབད་བར་ བཞག་དོ་བཟུམ་འདུག།
གྲོང་གསེབ་ཚོང་ལས་གོང་འཕེལ་ཚད་འཛིན་གྱིས་ ཞིབ་དཔྱད་རྐྱབ་ཡོད་རུང་ སོ་ནམ་པ་ཚུ་གིས་ འབྲི་ཤོག་བཀང་མི་དེ་ ལས་སྡེའི་འབྲི་ཤོག་མེན་པའི་ཁར་ མཉམ་ལས་ལས་ཚོགས་དེ་ ལས་སྡེའི་ཡན་ལག་ཡིག་ཚང་སྦེ་ ལག་ལེན་འཐབ་འཐབ་མེད་པའི་ མངོན་གསལ་བྱུང་མི་དང་འཁྲིལ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ཡང་ མཉམ་ལས་ལས་ཚོགས་ གཞི་བཙུགས་ཀྱི་དོན་ལུ་ སོ་ནམ་ཚུ་ལས་ ཏི་རུ་བསྡུ་ལེན་འབད་བའི་ གནད་དོན་ཨིནམ་ལས་ སོ་ནམ་ལྷན་ཁག་གིས་ སེལ་ཐབས་འབད་དགོ་པའི་ཁར་ དེ་ནང་ ངན་ལྷད་དང་འབྲེལ་བའི་ གནད་དོན་མིན་འདུག་ཟེར་སླབ་སྟེ་ བཤོལ་བཞག་འབད་ནུག།
ད་རིས་འབདཝ་ད་ མགུ་སྐོར་འོག་ལུ་ཚུད་མི་ སོ་ནམ་༤༠༠ ལྷགཔ་ཅིག་ ཁོང་རའི་ དཀའ་སྡུག་སེལ་དགོ་པའི་ ཞུ་བ་ག་ཏེ་ལུ་ ཕུལ་ནི་ཨིན་ན? གནད་དོན་དེ་ནང་ ངན་ལྷད་མེད་པ་ཅིན་ ད་རིས་ ཉོགས་བཤད་བཀོད་དགོ་པའི་ གཞི་ཁུངས་མེདཔ་ཨིན།
གནད་དོན་དེ་ སོ་ནམ་མཉམ་ལས་ལས་ཚོགས་ གཞི་བཙུགས་དང་འབྲེལ་བའི་ དཀའ་ངལ་ཨིནམ་ལས་ སོ་ནམ་ལྷན་ཁག་གིས་ར་ ངོས་ལེན་འབད་དེ་ སེལ་ཐབས་འབད་དགོཔ་བཞིན་དུ་ སོ་ནམ་བློན་པོ་གིས་ མི་སེར་ཚུ་ལུ་ ཁོང་གི་འཐུས་ཚུ་ ལོག་སྤྲོད་ནི་གི་ ཁས་བླངས་འབད་མི་དང་འཁྲིལ་སྤྲོད་དགོ།
ང་བཅས་རའི་ སོ་ནམ་པ་ཚུ་ལུ་ ཧེ་མ་ལས་ར་ དཀའ་སྡུག་ཐོབ་སྟེ་ཡོདཔ་ལས་ སྲིད་དོན་གྱི་ ཁེ་ཕན་ལུ་བལྟ་སྟེ་ སྤྱང་ཀ་བཟོ་འམ་ ལོག་སྤྱོད་འབད་བ་ཅིན་ སོ་ནམ་ཞིང་པ་རྐྱངམ་གཅིག་མེན་པར་ རྒྱལ་ཁབ་ལུ་ཡང་ ཐོ་ཕོག་ནིའི་ ཉེན་ཁ་ཡོད་ཟེར་ ཞུ་ནི་ཨིན།

About admin

Check Also

མོང་སྒར་ལུ་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་ མཐར་འཁྱོལ་བྱུང་ཡོདཔ།

༉ དུས་ཅི་ མོང་སྒར་ལུ་ མོ་བཏབ་ཀྱི་དོན་ལས་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མི་དེ་ མཐར་འཁྱོལ་བྱུང་ཡོདཔ་ཨིན་པས། དེ་ཡང་ ལས་རིམ་དེ་གི་འོག་ལུ་ རྫོང་ཁག་གི་ ས་གནས་ཁག་དག་པ་ཅིག་ནང་ གནམ་དགུན་གྱི་ཨེ་མ་འཛུགས་སྐྱོང་འབད་མིའི་གྲས་ལས་ ཙ་ཀ་གླིང་རྒེད་འོག་ གཏོར་མ་གཞོང་སྤྱི་འོག་གི་ སོ་ནམ་པ་སྡེ་ཚན་ཅིག་གིས་ ས་གནས་གླི་ཏི་གཞོང་ཟེར་སར་ …

Leave a Reply

Your email address will not be published. Required fields are marked *