བྱང་ཕུག་རྩེ་གཡུས་ཚན་གྱི་མཐོང་སྣང་།

སོ་ནམ་ཐོན་སྐྱེད་ལུ་བརྟེན་ བྱང་ཕུག་རྩེ་གཡུས་ཚན་ རང་མགོ་རང་འདྲོངས་འགྱོ་དོ་ཡོདཔ།

༉ ཁྱིམ་གུང་པ་༦༠ འབད་མི་ བྱང་ཕུག་རྩེ་གཡུས་ཚན་དེ་ བཀྲིས་གཡང་རྩེ་རྫོང་ཁག་གི་ མཐའ་ཟུར་གཡུས་ཚན་ཅིག་སྦེ་ བརྩི་འཇོག་འབད་དོ་ཡོདཔ་ད་ དེ་ཁར་སྡོད་མི་ཚུ་ག་ར་ རང་མགོ་རང་འདྲོངས་སྦེ་ སྡོད་དོ་ཡོདཔ་ཨིན་པས།
གཡུས་ཚན་དེ་ནང་ འབྲུ་སྣ་༩ པོ་ག་ར་ འཚོ་ནི་དེ་གིས་ སོ་ནམ་གྱི་ཐོན་སྐྱེད་དང་ ཚོད་བསྲེའི་རིགས་ཚུ་ མང་ཤོས་ར་ ས་མཚམས་ཕྱི་ཁར་ རྒྱ་གར་ཏ་ཝང་ལུ་བཙོང་སྟེ་ འོང་འབབ་བཟོ་དོ་ཡོདཔ་ཨིན་པས།
ས་གནས་ནང་སྡོད་མི་ མི་སེར་ག་ར་ ཕྱི་ལས་བལྟ་བ་ཅིན་ ཉམ་ཆུང་སྦེ་ མཐོངམ་ཨིན་རུང་ གུང་པ་ཚུ་ དངུལ་ཁང་གི་རྩིས་ཁྲ་ མ་འཆང་མི་ ག་ཡང་མེདཔ་ཨིན་པས།
སྐྱེས་ལོ་༧༦ ལང་མི་ སྤྱི་མི་བགྲེསཔ་ རྟ་མགྲིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ ས་གནས་ཀྱི་མི་སེར་ག་ར་ སོ་ནམ་གྱི་ ལཱ་འབད་ནི་ལུ་ འཚེར་སྣང་ག་ནི་ཡང་མེདཔ་མ་ཚད་ སོ་ནམ་གྱི་ལཱ་འབད་དེ་ འཚོ་བ་སྐྱོང་སྡོད་མི་ ཙང་ཙ་ཨིན་ཟེར་ ཨིན་པས།
ཁོ་གིས་ སླབ་མིའི་ནང་ མི་སེར་ཚུ་ གཅིག་གིས་གཅིག་ལུ་ དཔེ་བལྟ་སྟེ་ འོང་འབབ་བཟོ་དོ་ཡོད་རུང་ མཐའ་ཟུར་གྱི་གཡུས་ཚན་ཅིག་འབདཝ་ལས་ སོ་ནམ་གྱི་ཐོན་སྐྱེད་ བཙོང་ས་མེད་པའི་ དཀའ་ངལ་མ་གཏོགས་ ལོ་ཐོག་དང་ཙོད་བསྲེ་ཚུ་ག་ར་ ཐོན་སྐྱེད་འབད་ཚུགས་ཟེར་ ཨིན་པས།
བྱང་ཕུག་རྩེ་ གཡུས་ཚན་དེ་ རྐང་སྟོང་སྦེ་ དུས་ཡུན་ཆུ་ཚོད་༣ ལྷགཔ་ཅིག་གི་ས་ཁར་ཆགས་ཡོདཔ་ད་ ཕོ་སྐྱེས་ཚུ་གིས་ དུས་ཡུན་ཆུ་ཚོད་༣ འགོར་དོ་ཡོདཔ་ད་ ཨམ་སྲུ་དང་ ལམ་འགྱོ་མ་ཚུགས་མི་ཚུ་གིས་འབད་བ་ཅིན་ དུས་ཡུན་ ཆུ་ཚོད་༤ ལྷགཔ་ཅིག་ འགོརཝ་ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་གིས་ སླབ་མིའི་ནང་ གཞན་མི་གཡུས་ཚན་བཟུམ་སྦེ་ ནག་ཚོང་གྱི་ལཱ་འབད་དེ་ རང་མགོ་རང་འདྲོངས་སྦེ་སྡོདཔ་མེན་པར་ སོ་ནམ་གྱི་ཐོན་སྐྱེད་ ཀེ་བ་དང་ གེ་ཟ་སྲིབ་ དེ་ལས་ ཨེ་མ་སྐམ་དང་ ཆུམ་དམརཔོ་བཙོང་སྟེ་ འོང་འབབ་བཟོ་མི་གིས་ རང་མགོ་རང་འདྲོངས་སྦེ་ སྡོད་ཚུགས་པས་ཟེར་ཨིན་པས།
ཞི་གཡོགཔ་ཅིག་གིས་ སླབ་མིའི་ནང་ བྱང་ཕུག་རྩེ་གཡུས་ཚན་ནང་སྡོད་མི་ མི་སེར་ཚུ་ དངུལ་ཁང་ལས་ སྐྱིན་འགྲུལ་ལེན་མི་ ག་ཡང་མིན་འདུག་ཟེར་ཨིནམ་ད་ རྒས་གཞོན་མེད་པར་ སོ་ནམ་གྱི་ལཱ་འབད་དེ་ འོང་འབབ་བཟོ་མི་ ཙང་ཙ་འདུག་ཟེར་ཨིན་པས།
ཨ་ལོ་༣ གྱི་ཨའི་ ནོར་བུ་ལྷ་སྒྲོན་གྱིས་ སླབ་མིའི་ནང་ ཨམ་སྲུ་ཨིན་ཟེར་ ཁྱིམ་ནང་སྡོད་ནི་དང་ ཕོ་སྐྱེས་ཨིན་ཟེར་ ཞིང་ཁར་ལཱ་འབད་མི་ ག་ཡང་མེད་ཟེར་ཨིནམ་ད་ བཟའ་ཚང་གི་ འགན་ཁུར་དེ་ ཕོ་སྐྱེས་དང་ཨམ་སྲུ་གཉིས་ཆ་ར་གིས་ འདྲན་འདྲ་འབག་སྟེ་ ལཱ་འབད་དོ་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ ཨམ་སྲུ་ཚུ་གིས་འབད་བ་ཅིན་ ཐགས་འཐག་སྟེ་ འོང་འབབ་བཟོ་དོ་ཟེར་ཨིནམ་ད་ ཕོ་སྐྱེས་ཚུ་གིས་ ཚོང་ལཱ་དང་ རྒྱ་གར་ཏ་ཝང་ལུ་ ཆོས་ལྷག་པར་སོང་སྟེ་ འོང་འབབ་བཟོ་ནི་ཡོད་ཟེར་ ཨིན་པས།
ས་གནས་ཀྱི་ མི་སེར་ཚུ་ ལོ་༡ ནང་ རྒྱ་གར་ཏ་ཝང་ལུ་ ཚོང་བཙོང་པར་ ཚར་གསུམ་འགྱོ་དོ་ཟེར་ ནོར་བུ་ལྷ་སྒྲོན་གྱིས་ བཤད་པའི་ཁར་ འོང་འབབ་ཉུང་ཤོས་ རྒྱ་གར་གྱི་ཏི་རུ་ རུ་པི་༣༠,༠༠༠ དང་ མཐོ་ཤོས་རུ་པི་༡༥༠,༠༠༠ ལྷགཔ་རེ་ འབག་འོང་མི་ཡང་ཡོད་ཟེར་ ཨིན་པས།
སྐྱེས་ལོ་༤༦ ལམ་མི་ ཐུགས་རྟེན་ལྷ་སྒྲོན་དེ་ ཐགས་འཐག་སྟེ་ འོང་འབབ་བཟོ་མི་ཅིག་ཨིནམ་ད་ མོ་གིས་ སླབ་མིའི་ནང་ ཐགས་འཐག་སྟེ་ མོ་རའི་ཨ་ལོ་༤ པོ་ཆ་ར་ སློབ་གྲྭ་ནང་ བཙུགས་ཡི་ཟེར་ཨིན་པས།
གཡུས་ཚན་ནང་ འཁོར་ལམ་གྱི་ མཐུན་རྐྱེན་མེད་རུང་ ཞི་གཡོགཔ་དང་ མཐོ་རིམ་ཤེས་ཚད་སྦྱང་མི་ ལེ་ཤ་ར་ཡོད་ཟེར་ མོ་གིས་བཤད་པའི་ཁར་ དེ་ཡང་ སོ་ནམ་གྱི་ཐོན་སྐྱེད་ལས་ ཐོབ་མི་འོང་འབབ་ཀྱི་ གྲུབ་འབྲས་ཨིན་ཟེར་ ཨིན་པས།
ཤེས་རྟོགས་བྱུང་མའི་ནང་ གཡུས་ཚན་ནང་ དྲོ་པའི་ཆུ་ཚོད་༥ ལས་ར་ མི་སེར་ཚུ་ ཞིང་ནང་ལཱ་འབད་སར་ མཐོང་གསལ་བྱུང་ཡོདཔ་ད་ ལ་ལོ་ཅིག་ ཁྱི་ཉལ་ལུ་ རྟ་བདའ་སྟེ་ དོ་ལེན་པར་འགྱོ་སར་ མཐོངམ་ཨིན་པས།
ས་གནས་ནང་ཡོད་པའི་ ཁྱིམ་ཚུ་ཡང་ག་ར་ ལྕགས་ཤོག་བཀབ་ཡོདཔ་ད་ གཙང་སྦྲ་འཕྲོ་བསྟེན་གྱི་དོན་ལུ་ གུང་པ་ག་ར་ནང་ གསང་སྤྱོད་ཚུ་ཡང་ རྐྱབ་སྟེ་འདུག།
རྒཔོ་བདེ་ཆེན་དབང་འདུས་ཀྱིས་ སླབ་མིའི་ནང་ བྱང་ཕུག་རྩེ་གཡུས་ཚན་གྱི་ མི་སེར་སོ་ནམ་པ་ཚུ་ སོ་ནམ་གྱི་ཐོན་སྐྱེད་ཚུ་བཙོང་སྟེ་ ཏི་རུ་བསགས་བཞག་ཞིནམ་ལས་ ཁྱི་ཉལ་དང་ བཀྲིས་གཡང་རྩེ་ དེ་ལས་ ས་གནས་གཞན་ཁར་ལས་ ས་ཉོ་མི་ཡང་ ལེ་ཤ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ བྱང་ཕུག་རྩེ་དེ་ མཐའ་ཟུར་གྱི་ གཡུས་ཚན་ཅིག་འབདཝ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ ཡར་སེང་འགྱོ་དོ་ཟེར་ཨིནམ་ད་ གཡུས་སྟོང་འཐོན་ནིའི་ ཉེན་ཁ་ཡོདཔ་ལས་ ཚ་གྱང་ཡོད་ཟེར་ཨིན་པས།
བྱང་ཕུག་རྩེ་གཡུས་ཚན་ནང་ སློབ་གྲྭ་ནང་ མ་བཙུགས་པར་བཞག་མི་ ཨ་ལོ་ག་ཡང་མེད་པའི་ཁར་ སོ་ནམ་ཐོན་སྐྱེད་དང་ གཞན་ལས་ཐོབ་མི་ འོང་འབབ་ལུ་བརྟེན་ ཨ་ལོ་མང་ཤོས་ར་ མཐོ་རིམ་ཤེས་ཚད་སྦྱང་མི་ཡོདཔ་མ་ཚད་ ཞི་གཡོག་ནང་ གོ་གནས་འཆང་མི་ ལེ་ཤ་ཡོད་ཟེར་ རྒཔོ་གིས་ སླབ་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བྱང་ཕུག་རྩེ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *