སོ་ནམ་ཐོན་སྐྱེད་དང་ཚོང་ལམ་ མཐུན་འགྲིག་མེད་པའི་གདོང་ལེན།

༉ ནམ་ར་འབད་རུང་ ང་བཅས་ར་ སོ་ནམ་དང་འབྲེལ་བའི་སྐོར་ལས་ ལོ་རྒྱུས་སླབ་ནི་དེ་ སྤང་ཐབས་མེད་པའི་ གནད་དོན་གལ་ཅན་ཅིག་ཨིན་མི་དེ་ཡང་ དམིགས་བསལ་དུ་ བཟའ་འཐུང་གི་ཐད་ཁར་ རང་མགོ་རང་འདྲོངས་བཟོ་ནིའི་ རྒྱལ་ཡོངས་དམིགས་གཏད་ ངོ་མ་ཅིག་འབད་ནི་དེ་གིས་ཨིན།

སོ་ནམ་གྱི་གནད་དོན་ཐོག་ལུ་ རྩོད་འགྲན་བྱུང་མི་དེ་ ད་རེས་རྐྱངམ་གཅིག་མེན་པར་ འདས་པའི་ལོ་ངོ་བཅུ་ཕྲག་ལས་བཅད་དེ་ རྒྱལ་ཁབ་ཀྱི་ འཆར་གཞི་གོང་འཕེལ་ལས་རིམ་ཚུ་ནང་ གསུང་གྲོས་རྒྱས་པར་གནང་སྟེ་འབད་རུང་ དཀའ་ངལ་དང་ གདོང་ལེན་གྱི་ཐད་ཁར་ ཅོག་འཐདཔ་འཚམས་ཅིག་སྦེ་ར་ ལུས་ནི་དེ་གིས་ ད་ལྟོའི་བར་ན་ཡང་ ལེགས་སྒྱུར་དང་ ཡར་ཐོན་འགྱོ་མ་ཚུགས་པའི་ གནས་སྟངས་ནང་འདུག།

ནན་ཞིབ་སྦེ་ར་ དཔྱད་བལྟ་བ་ཅིན་ དཀའ་ངལ་ངོ་མ་དེ་ར་ སོ་ནམ་ཐོན་སྐྱེད་འབད་ནི་དང་ ཡང་ཅིན་ རང་མགོ་རང་འདྲོངས་ཀྱི་ དམིགས་གཏད་འགྲུབ་ནི་ལུ་བརྟེན་ཏེ་མེན་པར་ སོ་ནམ་གོང་འཕེལ་དང་འབྲེལ་བའི་ ལས་རིམ་ལག་ལེན་འཐབ་ནིའི་ནང་ འཐུས་ཤོར་བྱུང་བའི་ བརྡ་མཚོན་ཨིནམ་ད་ དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ད་རེས་ནངས་པར་ སོ་ནམ་གྱི་ཐོན་སྐྱེད་དང་ ཚོང་ལམ་དེ་ མཐུན་འགྲིག་འབད་མ་ཚུགས་པའི་ གདོང་ལེན་བྱུང་ནི་དེ་གིས་ཨིན།

དཔྱེ་འབད་བ་ཅིན་ འདས་པའི་ལོ་ནང་ འབྲུག་པའི་སོ་ནམ་ཞིང་པ་ཚུ་གིས་ ཚོད་བསྲེ་ཀོ་པི་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་མི་དང་བསྟུན་ གཞུང་གིས་ རྒྱབ་སྐྱོར་བཟུམ་ཅིག་སྦེ་ ཞིང་པ་ཚུ་ལས་ ཉོ་སྒྲུབ་འབད་བཞག་རུང་ མཐའན་མཇུག་ཁར་ མཁོ་མངགས་འབད་མི་ མ་ཐོན་པར་ལུས་སོ་ནུག།

འདི་བཟུམ་སྦེ་ར་ དུས་ཅི་ཡང་ ཀོ་པི་བཙོང་མ་ཚུགས་པའི་ ལོ་རྒྱུས་དེ་ ཅོག་འཐདཔ་སྦེ་ར་ ཡང་བསྐྱར་ཐོནམ་ཨིན་མས།

ཞིང་པ་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་གིས་ ཐོན་སྐྱེད་འབད་མི་ ཚོད་བསྲེ་ཀོ་པི་ཚུ་ བཙོང་ས་ག་ཏེ་ཡང་ མིན་འདུག་ཟེར་ཨིནམ་ད་ གནས་སྟངས་འདི་ལུ་ལྟཝ་ད་ ཕྱོགས་གཉིས་ཆ་ར་ལུ་ ཁ་ཉེས་བཀལ་ཐབས་མེད་པའི་ཁར་ ད་རུང་ འཕྲོ་མཐུད་འབྱུང་ནི་ཨིན་མས།

གཞུང་དང་ དམིགས་བསལ་དུ་ སོ་ནམ་ལྷན་ཁག་གིས་ ཞིང་པ་ཚུ་ལུ་ དུས་ཚོད་དང་བསྟུན་ ཚོད་བསྲེ་ག་དེམ་ཅིག་ ཐོན་སྐྱེད་འབད་དགོཔ་ཨིན་ནའི་ ཚུལ་མཐུན་ལམ་སྟོན་དང་ བརྡ་དོན་ཚུ་ བྱིན་ཡོད་པ་ཅིན་ ཕན་ཁྱད་འབྱུང་ནི་ཨིནམ་ད་ ཞིང་པ་ཚུ་གིས་འབད་རུང་ གཞན་གྱིས་འབདཝ་མས་ཟེར་ ཚད་ལས་བརྒལ་བའི་ ཐོན་སྐྱེད་འབད་བ་ཅིན་ བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་པའི་ཁར་ འཕྲོ་བརླག་འགྱོཝ་ཨིན།

སོ་ནམ་ལས་སྡེའི་ དམིགས་འཆར་ཚུ་ ལེགས་བསྒྱུར་འབད་ནིའི་དོན་ལུ་ ཐོན་སྐྱེད་འབད་ནི་དང་ སྒམ་རྐྱབ་ནི་ དེ་ལས་ ཚོང་ལམ་གྱི་ ལས་རིམ་ཚུ་ འོས་ལྡན་བཟོ་ཞིནམ་ལས་ མདུན་སྐྱོད་འབད་བ་ཅིན་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གོང་འཕེལ་ལུ་ ལྷག་པར་དུ་ ཕན་ཁྱད་འབྱུང་ཚུགས་ནི་ཨིན་མས།

ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དམིགས་བསལ་དུ་ ཀོ་པི་བཙོང་མ་ཚུགས་པའི་ དཀའ་ངལ་བྱུང་དོ་བཟུམ་སྦེ་ མ་འོངས་པ་ལུ་ ཀེ་བ་དང་ ཨེ་མ་བཟུམ་མའི་ ཚོད་བསྲེའི་རིགས་གཞན་ཚུ་ཡང་ ཚོང་ལམ་མེད་པའི་དཀའ་ངལ་ཚུ་ འབྱུང་མི་བཅུག་ནིའི་དོན་ལུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཞིང་པ་ཚུ་ལུ་ ཕན་རླབས་ཆེ་བའི་ ཡུན་བརྟན་ཐབས་ལམ་ཚུ་ བཏོན་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *