ཐིམ་ཕུག་བརྒྱ་འཁོར་ཚོད་བསྲེ་ཚོང་ཁྲོམ་ནང་ལྷོད་མི་ ཚོད་བསྲེའི་དོས་ཚུ།

སོ་ནམ་ཐོན་སྐྱེད་ཉོ་ནིའི་རིམ་ལུགས་ གཞི་བཙུགས་འབད་མི་གིས་ ལྷན་ཐབས་འབྱུང་མ་ཚུགས་པར་ཡོདཔ།

༉ གཞུང་གིས་ སོ་ནམ་ཐོན་སྐྱེད་ཉོ་ནིའི་རིམ་ལུགས་ གཞི་བཙུགས་འབད་མི་དང་བསྟུན་ རྫོང་ཁག་༢༠ གི་ སོ་ནམ་པ་ཚུ་ལུ་ ཁེ་ཕན་བྱུང་རུང་ ལྷན་ཐབས་སྦོམ་ཅིག་ འབྱུང་མ་ཚུགས་པས།

ད་རེས་ནངས་པར་ རྫོང་ཁག་ཆ་མཉམ་ལས་ སོ་ནམ་ཐོན་སྐྱེད་འབད་བའི་ དུས་ཚོད་ཨིན་པའི་ཁར་ ནད་ཡམས་ཀོ་བིཌ་-༡༩ ལུ་བརྟེན་ སོ་ནམ་པ་མ་ཚད་ ཞི་གཡོགཔ་དང་ ལས་འཛིན་ སྒེར་སྡེ་ནང་ ལཱ་འབད་མི་ཚུ་གིས་ ས་གནས་ཐདམ་ཐད་ཁར་ ཚོད་བསྲེ་འཛུགས་སྐྱོང་འབད་མི་ལུ་བརྟེན་ སོ་ནམ་པ་ཚུ་གི་ཚོང་འབྲེལ་ལུ་ བར་ཆད་རྐྱབ་ཡོདཔ་ཨིན་པས། 

རྒྱལ་ཡོངས་བསྡུ་གསོག་ལྟེ་བ་གིས་ ནད་ཡམས་མ་ཐོན་པའི་ཧེ་མར་ སོ་ནམ་ཐོན་སྐྱེད་བསྡུ་ལེན་འབད་ཞིནམ་ལས་ ཐོན་སྐྱེད་གཞན་ བཟོ་སྐྲུན་འབད་ནིའི་དོན་ལུ་ རྒྱ་གར་ལས་ འཕྲུལ་ཆས་མཁོ་སྒྲུབ་འབད་མི་ཚུ་ ད་ལྟོ་ ཐོགས་ལུས་ཡོད་མི་དང་ འཕྲུལ་ཆས་ཁ་སྐོང་ མཁོ་སྒྲུབ་འབད་བའི་ཤུལ་ལས་ ལྟེ་བ་དེ་གིས་ ཉིན་བསྟར་བཞིན་དུ་ སོ་ནམ་ཐོན་སྐྱེད་ མེ་ཊིག་ཊཱོན་༡ དེ་ཅིག་ ལེན་ཚུགས་ནི་ཨིན་པས།

དེ་བཟུམ་སྦེ་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ལས་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ དུས་ཅི་ ཨེ་པཱལ་མེ་ཊིག་ཊཱོན་༨༠༠ དང་ ཚལ་ལུ་ཀེ་ཇི་༡༣༤ དེ་ཅིག་ ཤིང་ཁུ་བ་བཟོ་ནི་དང་ ཀེ་ཇི་༢,༣༥༣ སྐྱུར་རྫས་བཟོ་ནིའི་དོན་ལུ་ ཉོ་ནི་ཨིན་ཟེར་ཨིན་པས།

རྒྱ་ནག་ཀོང་ཙེ་མེ་ཊིག་ཊཱོན་༡༠ དང་ ཨེ་མ་ཧོནམོ་ཀེ་ཇི་༥,༧༢༥ དེ་ཅིག་ དུས་ཅི་ སྤྱི་ཟླ་༦ པ་ཚུན་ སོ་ནམ་པ་ཚུ་ལས་ ཉོ་ཡོདཔ་བཞིན་དུ་ ས་སྒ་དང་ ལ་ཕུག་དམརཔོ་བསྡོམས་ཏེ་ མེ་ཊིག་ཊཱན་༨.༧ དེ་ཅིག་ བཟོ་གྲྭ་འཕྲུལ་ཁང་གིས་ མཁོ་སྒྲུབ་འབད་ཡི་ཟེར་ཨིན་པས།

འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་འཛིན་ལས་ བཀོད་ཁྱབ་འགོ་དཔོན་རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ སྤྱི་ལོ་༢༠༢༠ ལུ་ གཞུང་གིས་ མེ་ཊིག་ཊཱོན་༣,༠༠༠ གནས་པའི་སོ་ནམ་ཐོན་སྐྱེད་ མཁོ་སྒྲུབ་འབད་མི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༧༠ བཏང་ཡོདཔ་ད་ སྤ་རོ་ལས་ འདབ་མ་ཀོ་པི་ ཀེ་ཇི་༢,༨༨༣ ཉོ་བའི་ཁར་ དུས་ཅི་ སྤྱི་ཟླ་༧ པའི་ཚེས་༧ ཚུན་ འདབ་མ་ཀོ་པི་མེ་ཊིག་ཊཱན་༡༩༤ ཉོཝ་ད་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣ དེ་ཅིག་ བཏང་ནུག་ཟེར་ཨིན་པས།

དེ་མ་ཚད་ གེ་ཟ་དང་ ཨ་ལཱན་ཅི་ བོད་སྲནམ་ཚུ་ ཉོ་མི་དེ་ གཞུང་གིས་ ཉོ་ནིའི་རིམ་ལུགས་དང་ གཞི་བཙུགས་འབད་མི་དང་འཁྲིལ་ཨིན་ཟེར་ཨིན་པས།

བཀོད་ཁྱབ་འགོ་དཔོན་རྡོ་རྗེ་ཚེ་རིང་གིས་ སླབ་མིའི་ནང་ གཞུང་གིས་ སོ་ནམ་པ་ཚུ་ལས་ ཉོ་བའི་སྐབས་ སོ་ནམ་པ་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ གོང་ཚད་འཐོབ་མ་ཚུགས་པའི་ དཀའ་ངལ་ཡོདཔ་སྦེ་ ཉོགས་བཤད་དུམ་གྲ་རེ་བཀོད་ནི་འདུག་ཟེར་ཨིན་པས།

སོ་ནམ་པའི་ཐོན་སྐྱེད་ཚུ་ གྱོང་རྒུད་ཕོག་མི་བཅུག་ནིའི་དོན་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ སོ་ནམ་པ་དང་ ནང་འཁོད་ཚོང་པ་ཚུ་དང་ མཐུན་འབྲེལ་ཐོག་ལས་ ཉོ་བཙོང་གི་ ཐབས་ལམ་བཏོན་ཡོདཔ་ཨིན་རུང་ དཀའ་ངལ་གཙོ་བོ་དེ་ སོ་ནམ་པ་ཚུ་གིས་ རེ་བ་བསྐྱེད་དོ་བཟུམ་སྦེ་ ཚོང་པ་ཚུ་གིས་གོང་ཚད་བྱིན་མ་ཚུགས་མི་དེ་ འདུག་ཟེར་ཨིན་པས།

གལ་སྲིད་ སོ་ནམ་པ་ཚུ་གིས་ སྤུས་ཚད་དང་ལྡན་པའི་ཐོག་ལས་ གོང་ཚད་ཡང་ རན་ཏོག་ཏོ་ཡོད་པ་ཅིན་ སོ་ནམ་པ་དང་ ཚོང་པ་ཚུ་གི་བར་ན་ བྱ་སྟབས་མ་བདེཝ་ཚུ་ བསལ་ཚུགས་པའི་ཁར་ ཐོན་སྐྱེད་ཚུ་ཡང་ བཙོང་མ་ཚུགས་པའི་གདོང་ལེན་དེ་ཅིག་ མི་བྱུངམ་འོང་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ཉོགས་བཤད་དང་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གིས་ ལྷོ་ཕྱོགས་རྫོང་ཁག་ཚུ་གི་དོན་ལུ་ དམ་ཆུ་ལུ་སྦེ་ སོ་ནམ་ལྟེ་བའི་ ཡིག་ཚང་གཞི་བཙུགས་འབད་ཡོདཔ་ད་ ལྟེ་བ་དེ་གིས་ ཐོན་སྐྱེད་ཚུ་ བསྡུ་ལེན་འབད་ཞིནམ་ལས་ དགེ་ལེགས་ཕུག་བརྒྱུད་དེ་ ཕྱིར་ཚོང་འཐབ་ནི་དང་ ཐོན་སྐྱེད་གཞན་གྱི་དོན་ལུ་ བཀྲམ་སྤེལ་འབད་ཚུགས་ཟེར་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་འཛིན་གྱིས་ དོགས་བསལ་འབད་མི་ སྙན་ཞུ་ནང་འཁོད་དེ་འདུག།

དགེ་ལེགས་ཕུག་དང་ མོང་སྒར་ལུ་ཡོད་པའི་ ལུང་ཕྱོགས་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་གིས་ རྒེད་འོག་དང་ རྫོང་ཁག་སོ་ནམ་འགོ་དཔོན་ཚུ་དང་ མཉམ་འབྲེལ་ཐོག་ལས་ སོ་ནམ་ཐོན་སྐྱེད་ཚུ་ བསྡུ་ལེན་དང་ བདེ་སྒྲིག་བཟོ་ཐོག་ འབྲུག་ཟ་སྤྱོད་ལས་འཛིན་ཚད་དང་ འབྲུག་སོ་ནམ་འཕྲུལ་ཆས་ལྟེ་བ་ཚུ་ལུ་ བཀྲམ་སྤེལ་འབད་ནི་དང་ ཁྲོམ་སྡེའི་སོ་ནམ་ཚོང་ཁྲོམ་ཚུ་ནང་ བགོ་བཀྲམ་འབད་དོ་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ལྷག་པར་དུ་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འབད་ནིའི་དོན་ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་དང་ ཕྱི་འབྲེལ་ལྷན་ཁག་ བསྟན་རྒྱས་ལྷན་ཁག་ཚུ་གིས་ རྒྱ་གར་གྱི་ གཞུང་ཚབ་དང་གཅིག་ཁར་ ཐོན་སྐྱེད་ཚུ་ ཕྱིར་ཚོང་འབད་ནིའི་དོན་ལུ་ གྲོས་བསྟུན་ཚུ་ གནང་བཞིན་དུ་ཡོད་ཟེར་ཨིན་པས།

འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་དང་འཁྲིལཝ་ད་ སྤྱི་ལོ་༢༠༡༩ ལུ་ འབྲུག་རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱིས་ སོ་ནམ་ཐོན་སྐྱེད་ཕྱིར་བཙོང་འཐབ་མི་ལུ་ དངུལ་ཀྲམ་དུང་ཕྱུར་༢.༦ འབད་ཡོདཔ་ད་ དེ་ཡང་ ཨ་ལཱན་ཅི་དང་ ཚལ་ལུ་ རྡོག་མ་ ཀེ་བ་ དེ་ལས་ ས་སྒའི་ཐོན་སྐྱེད་ཚུ་ཨིན་པས།

སོ་ནམ་པའི་ཐོན་སྐྱེད་ཚུ་ ཕྱིར་ཚོང་འཐབ་མ་ཚུགས་རུང་ གཞུང་གིས་ ཉོ་ནིའི་རིམ་ལུགས་ གཞི་བཙུགས་འབད་དགོ་མི་དེ་ འབྲུག་སོ་ནམ་ཐོན་སྐྱེད་བཟོ་གྲྭ་འཕྲུལ་ཁང་ཚད་ལས་ འགོ་དཔོན་དང་འཁྲིལཝ་ད་ ཁྲོམ་ཚོགས་ཚུ་ནང་ གོང་ཚད་མ་ཐོབ་པའི་སྐབས་ལུ་ སོ་ནམ་པ་ཚུ་ལུ་ གྱོང་རྒུད་བརྒྱ་ཆ་ལས་བརྒྱ་ ཕོག་མི་བཅུག་ནི་དང་ མ་འོངས་པ་ལུ་ སེམས་ཤུགས་བྱིན་ཐབས་ལུ་ཨིན་ཟེར་ཨིན་པས།

འདས་པའི་བདུན་ཕྲག་ནང་ ལྡོག་ཕྱོགས་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལཝ་ད་ སྤྱི་ཚོགས་ཀྱིས་ འབྲུག་དང་ བང་ལ་དེཤ་རྒྱལ་ཁབ་གཉིས་ཀྱི་བར་ན་ ཚོང་འབྲེལ་གན་རྒྱ་བཟོ་མི་དེ་ བསྟར་སྤྱོད་འབད་དེ་ བང་ལ་དེཤ་ལུ་ ཕྱིར་བཙོང་འབད་ནིའི་ ཐབས་ལམ་བསྒྲིག་དགོཔ་སྦེ་ གཞུང་ལུ་ གྲོས་འདེབས་ཕུལ་ནུག།

ལྡོག་ཕྱོགས་ཚོགས་པ་གིས་ ལྷོ་ཕྱོགས་དང་ དབུས་ཕྱོགས་ དེ་ལས་ ནུབ་ཕྱོགས་ཀྱི་ སོ་ནམ་པ་ཚུ་དང་གྲོས་བསྟུན་འབད་བའི་སྐབས་ ད་རེས་ཀྱི་གནས་སྟངས་ནང་ ཚོད་བསྲེ་ཐོན་སྐྱེད་མེ་ཊིག་ཊཱན་སྦེ་ ཁྲོམ་ཚོགས་ཚུ་ནང་ འབག་མ་ཚུགསཔ་ལས་ རོང་ཆུ་དང་ གཙང་ཆུ་ དེ་ལས་ སྒོ་ནོར་སེམས་ཅན་ཚུ་ རྩྭ་ཆག་སྦེ་ བྱིན་དགོཔ་ཐོན་ནུག་ཟེར་ཨིན་པས།

སྤ་རོ་ནགས་རྒྱ་གི་ སོ་ནམ་པ་ཚུ་གིས་ ཧོན་ཚོད་དང་ ཚོད་བསྲེ་གཞན་ཚུ་ བཙོང་མ་ཚུགསཔ་ལས་ ཟད་འགྲོ་སྦོམ་བཏང་མི་དེ་ ཆུད་ཟད་འགྱོ་བའི་ཁར་ གཞལམ་སྒང་དང་ གསར་སྤང་ དེ་ལས་ དར་དཀར་ན་ལས་ཐོན་སྐྱེད་འབད་མི་ ཨེ་མ་ཚུ་ཡང་ གྱོང་རྒུད་ཕོག་སྟེ་འདུག་ཟེར་ཨིན་པས།

གནས་ཚུལ་དང་འཁྲིལཝ་ད་ དེ་བཟུམ་གྱི་དཀའ་ངལ་བྱུང་མི་དེ་ གཙོ་བོ་ར་ གཞུང་གིས་ ལངམ་སྦེ་ མཁོ་སྒྲུབ་ལམ་ལུགས་སྒྲིང་སྒྲི་མེད་པའི་ཁར་ རྒྱ་གར་ལུ་ ཕྱིར་ཚོང་འབད་མ་ཚུགས་པའི་དཀའ་ངལ་ དེ་ལས་ ཕན་ཚུན་ རྒྱ་འབྲུག་གཉིས་ཀྱི་བར་ན་ ཚོང་འབྲེལ་གྱི་དོན་ལུ་ མཐར་འཁྱོལ་འབྱུང་མ་ཚུགསཔ་བཟུམ་ཅིག་ འདུག་ཟེར་ཨིན་པས།

དཀའ་ངལ་བྱུང་དགོ་པའི་ གནད་དོན་དེ་ འབྲུག་གིས་ ཕྱིར་བཙོང་འབད་ནིའི་དོན་ལུ་ ཐོ་བཀོད་ནང་ མ་ཚུད་ནི་དེ་གིས་ རྒྱ་གར་ལུ་ ཕྱིར་ཚོང་འཐབ་མ་ཚུགས་པར་ཡོད་མི་དེ་ འབྲུག་གི་སོ་ནམ་པ་དང་ མ་འོངས་སོ་ནམ་སྡེ་ཚན་ལུ་ གནོད་ཉེན་སྦོམ་འབྱུང་ནི་མས་ཟེར་ བཀོད་ནུག།

སྤྱི་ལོ་༢༠༢༠ ལུ་ ནད་ཡམས་ཀོ་བིཌ་-༡༩ འི་གདོང་ལེན་ལུ་ གཞུང་གིས་ སོ་ནམ་པ་ཚུ་ལུ་ ཚོད་བསྲེ་ཐོན་སྐྱེད་ཡར་སེང་དང་ གོང་འཕེལ་གཏང་དགོཔ་སྦེ་ ཨུ་ཚུགས་རྐྱབ་པའི་ཤུལ་ལས་ གཞུང་གིས་དགོས་མཁོ་འགྲུབ་ཐབས་ལུ་ སོ་ནམ་པ་ཚུ་གིས་ རྩ་འགེངས་ཏེ་ ལཱ་འབད་བའི་མཐའ་མར་ གྲུབ་འབྲས་ལུ་ ངོས་ལེན་མེདཔ་ལས་ སེམས་ཤུགས་མར་ཉམས་ཏེ་འདུག་ཟེར་ བཀོད་ནུག།

དེ་བཟུམ་སྦེ་ ད་རེས་ བསམ་རྩེ་གི་ འབྲུག་ཟ་སྤྱོད་ལས་འཛིན་ཚད་ཀྱིས་ སོ་ནམ་པ་ཚུ་ལས་ བསྡུ་བསྒྱོམ་འབད་མི་ ས་སྒ་མེ་ཊིག་ཊཱོན་༧.༦ དེ་ཅིག་ ཕྱིར་ཚོང་འཐབ་མ་ཚུགས་པར་ ཟླཝ་༡ དེ་ཅིག་ ལང་ཡོདཔ་བཞིན་དུ་ མེ་ཊིག་ཊཱོན་༡༠༠༠ གནས་པའི་ས་སྒ་ཚུ་ གཡུས་སྒོ་ཚུ་ནང་ ཐོགས་ལུས་ཏེ་འདུག་ཟེར་ཨིན་པས།

སྤ་རོ་ ནགས་རྒྱ་རྒེད་འོག་ནང་ འདབ་མ་ཀོ་པི་མེ་ཊིག་ཊཱན་༡༢༠༠ དེ་ཅིག་ ཐོན་སྐྱེད་འབད་བའི་བསྒང་ཡོད་རུང་ བཙོང་མ་ཚུགས་པའི་དཀའ་ངལ་ཡོདཔ་བཞིན་དུ་ རྫོང་ཁག་གཞན་ཚུ་ནང་ཡང་ སོ་ནམ་པའི་ཐོན་སྐྱེད་རྒྱ་ཆེཝ་སྦེ་ར་ ཐོན་སྐྱེད་འབད་བའི་ཁར་ སོ་ནམ་པའི་ལཱ་ འཛུགས་སྐྱོང་འབད་བའི་བསྒང་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

སོ་ནམ་ཞིང་ལམ་ལག་ལེན་འཐབ་མི་ཚུ་ལས་ སྤྱོད་འཐུས་བསྡུ་ནི་ལུ་ཐེ་ཚོམ།

༉ སོ་ནམ་ཞིང་ལམ་ཚུ་ ཤིང་དང་ བྱེམ་ལ་སོགས་པ་ བཏོན་ནིའི་དོན་ལུ་ སྣུམ་འཁོར་ཆེ་བ་ཚུ་ ལག་ལེན་འཐབ་པའི་སྐབས་ སྤྱོད་འཐུས་བསྡུ་ནི་དེ་ ཟུར་ཁྲིམས་ནང་རྐྱངམ་གཅིག་ དོན་ཚན་སྦེ་ ཚུད་དེ་ཡོདཔ་ལས་ ས་གནས་གཞུང་གིས་ བསྟར་སྤྱོད་ འབད་ནི་ལུ་ ཐེ་ཚོམ་ཡོདཔ་ཨིན་པས། …

Leave a Reply

Your email address will not be published. Required fields are marked *