ཁ་ཙ་ སྤ་རོ་ལྕང་ཁ་ལུ་ སོ་ནམ་ཞིང་པ་ཚུ་གི་དོན་ལས་ ས་ཞིང་ལྟ་སྐོར་ལས་རིམ་ཅིག་ འགོ་འདྲེན་འཐབ་པའི་སྐབས་ སོ་ནམ་འཕྲུལ་ཆས་ལྟེ་བའི་ འགོ་དཔོན་ཅིག་གིས་ ཞིང་རྨོ་འཕྲུལ་ པ་ཝར་ཊི་ལར་དང་མཐུད་དེ་ཡོད་མི་ ཀེ་བ་བརྐོ་འཕྲུལ་ ལག་ལེན་འཐབ་ཐངས་ཀྱི་ འགྲེམས་སྟོན་འབད་བའི་བསྒང་།

སོ་ནམ་གྱི་ལཱ་ འཇམ་ཏོང་ཏོ་བཟོ་ཐབས་ལུ་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ འཕྲུལ་ཆས་གསརཔ་བཟོ་དོ་ཡོདཔ།

༉ དུས་ཚོད་འ་ནེམ་ཅིག་ཁར་ སྤ་རོ་བོང་སྡེ་གི་ སོ་ནམ་པ་མང་ཤོས་ཅིག་གིས་ རང་སོའི་ཞིང་ཚུ་ནང་ འཛུགས་སྐྱོང་འབད་མི་ ཀེ་བ་ཚུ་བརྐོ་ཚར་ཏེ་ ལྕང་ལཱ་འགོ་བཙུགས་དོ་ཡོད་རུང་ ལྕང་ཁ་གཡུས་ཚན་ལས་ཨིན་མི་ སྐྱེས་ལོ་༣༨ ལང་མི་ དབང་མོའི་ཐད་ཁར་ ཕྱིས་སུ་ཅིག་སྦེ་ ཀེ་བ་བརྐོ་སར་ མཐོངམ་ཨིན་པས།
དབང་མོ་གིས་ སླབ་མིའི་ནང་ ས་ཆ་ཨེ་ཀར་༡ དེ་ཅིག་ནང་བཙུགས་མི་ ཀེ་བ་དེ་ ཉིནམ་༢ དེ་ཅིག་ནང་ བརྐོ་ཚར་བའི་རེ་བ་ཡོད་མི་དེ་ཡང་ ད་ལྟོ་ སྤ་རོ་ལུ་ཡོད་མི་ སོ་ནམ་འཕྲུལ་ཆས་ལས་སྡེ་ལས་ ཀེ་བ་བརྐོ་མི་འཕྲུལ་ཆས་ཅིག་ གླ་ཁར་ལེན་ཡོད་ནི་དེ་གིས་ཨིན་པས།
མོ་གིས་སླབ་མིའི་ནང་ ཧེ་མ་ བདུན་ཕྲག་ལས་བཅད་དེ་ འགོར་མི་དེ་ ད་རེས་ འཕྲུལ་ཆས་དེ་གིས་ ལཱ་འཇམ་ཏོང་ཏོ་བཟོ་སྟེ་ཡོདཔ་ལས་ ཞག་དག་པ་ཅིག་ནང་ མཇུག་བསྡུ་ཚུགས་པས་ཟེར་ ཨིན་པས།
ཡོངས་གྲགས་ལུ་ ཀུ་བ་ཊོ་ཟེར་མི་ འཕྲུལ་ཆས་དེ་གིས་ ཀེ་བ་བརྐོ་བའི་རྟིང་བདའ་ ལས་མི་ཨམ་སྲུ་དང་ ཕོ་སྐྱེས་ཚུ་གིས་ ཚ་ངེར་བཏོན་ཏེ་ ཀེ་བ་ཚུ་འཐུ་དོ་ཡོདཔ་ཨིན་པས།
འཕྲུལ་ཆས་དེ་གིས་ དབང་མོ་བཟུམ་མའི་ སོ་ནམ་པ་ཚུ་གིས་ ཧེ་མ་ ཀོ་ཏི་ལག་ལེན་འཐབ་སྟེ་ ཀེ་བ་བརྐོ་བའི་སྐབས་ སྐེདཔ་ན་བའི་ཁར་ དུས་ཚོད་ཡང་ ལེ་ཤ་འགོར་ནི་ཡོད་ཟེར་ཨིན་པས།
ཀེ་བ་བརྐོ་མི་འཕྲུལ་ཆས་དེ་ སོ་ནམ་འཕྲུལ་ཆས་ལྟེ་བ་གིས་ འཆར་གཞི་༡༡ པའི་ནང་ འཕྲུལ་ཆས་གསརཔ་༣ བཟོ་མིའི་གྲས་ལས་ཅིག་ཨིན་པའི་ཁར་ བོང་སྡེ་ལུ་ཡོད་མི་ འཕྲེལ་ཆས་ལྟེ་བའི་འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཕྲུལ་ཆས་དེ་ ཕྱི་ཁར་ལས་ཉོ་འབག་འོང་མི་ འཕྲུལ་ཆས་ཚུ་ལུ་ དཔེ་ལྟ་སྟེ་ བཟོ་བཟོཝ་ཨིན་ཟེར་ཨིན་པས།
སོ་ནམ་ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ཀྱིས་ ན་ཧིང་གི་ལོ་ནང་ ཞིབ་འཚོལ་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ རྒྱལ་ཁབ་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ ཨ་ལཱན་ཅི་ཚུ་ སྤུས་ཚད་སྐྱོ་དྲགས་སྦེ་ཡོད་མི་དེ་ཡང་ སྐམ་ནིའི་མཐུན་རྐྱེན་མེད་པའི་ དཀའ་ངལ་ལུ་བརྟེན་ཨིན་པའི་ ཤེས་རྟོགས་བྱུང་ཡོདཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ སྐམ་ནིའི་ལུགས་སྲོལ་ ལེགས་ཤོམ་མེདཔ་ལས་ ཨ་ལཱན་ཅི་ཚུ་ གསོག་འཇོག་འབད་བཞག་པའི་སྐབས་དང་ སྐྱེལ་འདྲེན་འབདམ་ད་ ཧེང་སྐལ་ར་ སྤུས་ཚད་ལུ་ ཐོ་ཕོག་སྟེ་འདུག་ཟེར་བཀོད་ནུག།
དེ་འབདཝ་ལས་ གཞུང་གིས་ དངུལ་ཐོག་དེ་ སྐམ་ནིའི་ཐབས་ཤེས་ཚུ་ བཏོན་བཞིན་དུ་ཡོད་པའི་ཁར་ ལྟེ་བ་གིས་ སྐམ་ནིའི་ཐབས་ཤེས་གསརཔ་བཏོན་ཏེ་ ཐབ་ཤིང་ལག་ལེན་འཐབ་ཐོག་ལས་ སྐམ་ནིའི་མཐུན་རྐྱེན་བཟོ་ཡོད་མི་དེ་ དར་དཀར་ནང་དང་ རྩི་རང་ བསམ་རྩེ་ གསར་སྤང་ ཆུ་ཁ་ དེ་ལས་ པདྨ་དགའ་ཚལ་རྫོང་ཁག་ཚུ་ནང་ མི་སེར་ཚུ་ལུ་ གོང་ཚད་བགོ་བཤའི་ཐོག་ལས་ སྐམ་ནི་ཅ་ཆས་༦༠ དེ་ཅིག་ བྱིན་ཡོདཔ་ཨིན་པས།
སྐམ་ནིའི་ཅ་ཆས་རེ་ལུ་ དངུལ་ཀྲམ་༣༠,༠༠༠ དེ་རེ་ སླབ་དོ་ཡོདཔ་ད་ ལྟེ་བའི་ལས་རིམ་མདོ་ཆེན་ ཀུན་དགའ་ནོར་བུ་གིས་སླབ་མིའི་ནང་ ལྟེ་བའི་ལས་བྱེདཔ་གིས་ ཨ་ལཱན་ཅི་སྐམ་ནིའི་ འཕྲུལ་ཆས་༦༩ བཟོ་ཚར་ཏེ་ཡོད་ཟེར་ཨིནམ་ད་ ད་ཚུན་ ལྟེ་བ་གིས་བཟོ་མི་ འཕྲུལ་ཆས་ཚུ་ སོ་ནམ་པ་ཚུ་ལས་ མཁོ་འདོད་བཀོད་མི་ ལེ་ཤ་ཐོན་ཏེ་ཡོད་ཟེར་ཨིན་པས།
ལྟེ་བའི་ བཟོ་རིག་འགོ་དཔོན་ལས་རོགསཔ་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལྟེ་བ་དེ་ནང་ གཏན་འཇགས་ཀྱི་ བཟོ་རིགཔ་མེད་ནི་དེ་གིས་ གདོང་ལེན་སྦོམ་བྱུང་སྟེ་ཡོད་ཟེར་ཨིནམ་ད་ ཁོ་གིས་སླབ་མིའི་ནང་ ཁོང་གི་ལཱ་འབད་ནིའི་དོན་ལུ་ ཞིབ་འཚོལ་དང་བཟོ་བཀོད་ སྙན་ཞུ་བཟོ་ནི་ དེ་ལས་ གཞན་ཡིག་ཐོག་འབད་དགོ་པའི་ ལཱ་ལེ་ཤ་ཡོདཔ་ཨིན་རུང་ ད་ལྟོ་ཡོད་མི་ལས་བྱེདཔ་མང་ཤོས་ར་ ཌིབ་ལོ་མའི་ ཤེས་ཚད་ཡོད་མི་རྐྱངམ་གཅིག་ ཨིན་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ ལྟེ་བ་དེ་ནང་ ཇ་པཱན་ལས་ མཁས་མཆོག་ལྔ་ཡོད་མི་དེ་གིས་ འཕྲུལ་ཆས་ཀྱི་སྤུས་ཚད་དང་ཉེན་སྲུང་ དེ་ལས་ བཟོ་བཀོད་འབད་ནིའི་ནང་ ཆ་རོགས་འབད་དོ་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ མཁས་མཆོག་ཚུ་གིས་ ཆ་རོགས་ལེགས་ཤོམ་འབད་བའི་ཁར་ ཁོང་ལས་ འཕྲུལ་ཆས་བཟོ་ནི་དང་འབྲེལ་བའི་ ལཱ་ལེ་ཤ་ ལྷབ་སྦྱང་འབད་ཚུགས་ཏེ་ཡོད་ཟེར་ཨིན་པས།
ཁ་ཙ་ ལྟེ་བ་གིས་ འཕྲུལ་ཆས་བཟོ་བཀོད་འབད་མི་ཚུའི་སྐོར་ལས་ མི་སེར་སོ་ནམ་པ་སྡེ་ཚན་ཅིག་ལུ་ གསལ་སྟོན་འབད་བའི་ཁར་ ཀེ་བ་བརྐོ་ནིའི་འཕྲུལ་ཆས་དེ་གིས་ ལཱ་ག་དེ་སྦེ་ འབདཝ་ཨིན་ན་ཚུ་ཡང་ འགྲེམས་སྟོན་འབད་ཡི།
ལྟེ་བ་གིས་ སོ་ནམ་པ་ཚུ་གིས་ ཞིང་ནང་ལཱ་འབད་བའི་སྐབས་ རྡོ་དང་རྡོ་རུག་ཚུ་ ཕྱིར་སེལ་རྐྱབ་མི་ འཕྲུལ་ཆས་བཟོ་བཀོད་འབད་ནིའི་ འཆར་གཞི་ཚུ་ཡོད་པའི་སྐོར་ལས་ཡང་ སླབ་ཡོད་པའི་ཁར་ རྒྱ་གར་ལུ་ ཕྱིར་སེལ་འབད་མི་འཕྲུལ་ཆས་དེ་གིས་ ལཱ་ག་དེ་སྦེ་འབདཝ་ཨིན་ན་ཚུ་ཡང་ གློག་བརྙན་ཐུང་ཀུ་བཟོ་ཡོད་མི་ཚུ་ མི་མང་ལུ་སྟོན་ཡི།
དེ་ལས་ ས་ཆ་གྱེན་སྦེ་ཡོད་མི་ཚུ་ཡང་ ཞིང་རྨོ་འཕྲུལ་པ་ཝར་ཊི་ལར་ཆུང་ཀུ་ཚུ་ ལག་ལེན་འཐབ་བཏུབ་བཟོ་ནིའི་དོན་ལུ་ཡང་ ཞིབ་འཚོལ་ཚུ་འབད་དོ་ཡོདཔ་ད་ བཀྲིས་སྒང་འཁང་མ་ལུ་ཡོད་མི་ སོ་ནམ་འཕྲུལ་ཆས་སྡེ་ཕྲན་གྱིས་རྒྱ་རེད་བརྡུང་མི་འཕྲུལ་ཆས་ནང་ ཧེ་མ་ རྩི་ས་གིས་བཟོ་མི་ བརྡུང་འཕྲུལ་དེ་གིས་ གཟུགས་ཁམས་ལུ་གནོད་པ་ཡོདཔ་ལས་ ལྕགས་ཀྱིས་བཟོ་ནིའི་དོན་ལུ་ ལཱ་འབད་བའི་བསྒང་ཡོད་པའི་སྐོར་ལས་ཡང་ སོ་ནམ་པ་ཚུ་ལུ་ གསལ་བཤད་འབད་ཡི།
ལས་རིམ་མདོ་ཆེན་གྱིས་ མི་སེར་ཚུ་ལུ་ འཕྲུལ་ཆས་ག་ཅི་ཉོ་རུང་ ལྟེ་བ་གིས་ འཕྲུལ་ཆས་ཀྱི་སྤུས་ཚད་ཚུ་ དབྱེ་ཞིབ་འབད་ནི་ཡོདཔ་ལས་ དེ་ཚུ་དང་མཐུནམ་སྦེ་ ཡོད་མེད་ཚུ་ བལྟ་དགོ་པའི་སྐོར་ལས་ཡང་ དྲན་ཚོར་འབད་ཡོདཔ་ཨིན་པས།
རྡོ་སྟེང་ལས་ མཁའ་འགྲོ་དབང་ཕྱུག་གིས་སླབ་མིའི་ནང་ མི་སེར་ཚུ་གིས་ ལྟེ་བ་དེ་ནང་ལས་ འཕྲུལ་ཆས་ཚུ་ གླ་ཁར་ལེན་དོ་ཡོད་རུང་ ཁ་ཙ་ འཕྲུལ་ཆས་གཞན་ཚུ་གི་སྐོར་ལས་ འགྲེམས་སྟོན་འབད་བའི་སྐབས་ བལྟ་ནིའི་གོ་སྐབས་ ཐོབ་ཚུགས་ཅི་ཟེར་ཨིན་པས།
ལྟེ་བའི་བཟོ་རིགཔ་ སངས་རྒྱས་ལྷུན་གྲུབ་ཀྱིས་སླབ་མིའི་ནང་ འཕྲུལ་ཆས་དེ་ཚུ་ བརྟག་དཔྱད་འབད་དེ་ ཉེན་སྲུང་དང་ལྡནམ་སྦེ་བཟོ་ནི་དེ་ གལ་ཆེཝ་ལས་ ད་ཚུན་ ལྟེ་བ་གིས་ འཕྲུལ་ཆས་༦ ལག་ལེན་འཐབ་ཆོག་པའི་ ལག་ཁྱེར་བྱིན་ཏེ་ཡོད་ཟེར་ ཨིན་པའི་གནས་ཚུལ།

སྤ་རོ་ལས་ བཀྲིས་བསྟན་འཛིན།

 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *