ལེགས་བཅོས་འབད་མི་ ས་ཞིང་ཚུ།

སོ་ནམ་གྱི་ལཱ་ལུ་ བརྩོན་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ ས་ཞིང་ཚུ་ ལེགས་བཅོས་འབད་དོ་ཡོདཔ།

༉ བཀྲིས་སྒང་ ཨུ་མཛོ་རོང་རྒེད་འོག་ནང་ བཟའ་སྤྱོད་མ་འབད་བར་ ལོ་ངོ་བཅུ་ཕྲག་༣ དེ་ཅིག་ལང་མི་ ས་ཞིང་ཚུ་ ལེགས་བཅོས་འབད་ཚར་མི་ལུ་བརྟེན་ སོ་ནམ་པ་ཚུ་གིས་ ལོག་སྟེ་ར་ བཟའ་སྤྱོད་འབད་ཚུགས་ནི་ཨིན་པས།

ས་ཞིང་ཨེ་ཀར་༢༠ ལྷགཔ་ཅིག་ ལེགས་བཅོས་འབད་དེ་ མི་སེར་ལུ་སྤྲོད་ཡོདཔ་ད་ དེ་གིས་ ཁྱིམ་གུང་པ་༤༠ ལྷགཔ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

གུང་པ་༤༥ གི་གྲས་ལས་གཅིག་ བཀའ་གདམས་ལས་ཨིན་མི་ སོ་ནམ་པ་ བསམ་གཏན་ཨིནམ་ད་ ས་ཞིང་ལེགས་བཅོས་འབད་མི་དེ་ལུ་ སེམས་དགའ་སྟེ་ཡོདཔ་ད་ ཁོ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་སོན་ཚུ་མངམ་སྦེ་ བཀྲམ་སྤེལ་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།

བསམ་གཏན་གྱིས་ སླབ་མིའི་ནང་ ས་ཞིང་ཨེ་ཀར་༡ ལྷགཔ་ཅིག་ གཞུང་གིས་རིན་མེད་སྟོང་པར་སྦེ་ ལེགས་བཅོས་འབད་གནང་མི་དེ་གིས་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ སོ་ནམ་པ་ཚུ་གིས་ ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེ་དང་འབྲེལ་བའི་ལཱ་ཚུ་ འབད་ཚུགས་ནི་མས་ཟེར་ཨིན་པས།

ཧེ་མ་ ས་ཞིང་ཚུ་ གྱེན་གཟར་དྲགས་ཡོདཔ་ལས་ ཚོད་བསྲེ་དང་ སོ་ནམ་གྱི་ལཱ་འབད་ནིའི་ནང་ དཀའ་ངལ་བྱུང་ཡི་ཟེར་ཨིནམ་ད་ ས་ཞིང་ལེགས་བཅོས་འབད་མི་གིས་ ད་ལས་ཕར་ ཚོད་བསྲེ་དང་ ཤིང་འབྲས་ཀྱི་ལཱ་འབད་ནི་ལུ་ དཀའ་ངལ་མི་འཐོན་ནི་མས་ཟེར་ཨིན་པས།

ལོ་༡ ནང་ སོན་བཀྲམ་སྤེལ་འབད་མི་དེ་གིས་ འོང་འབབ་དངུལ་ཀྲམ་༦༠༠,༠༠༠ དང་ འཕྲལ་འཕྲལ་དངུལ་ཀྲམ་༡༠༠,༠༠༠ དེ་ཅིག་ བཟོ་ནི་ཡོད་ཟེར་ཨིནམ་ད་ ད་རེས་ལས་ ལཱ་མངམ་འབད་ཚུགས་ནི་མས་ཟེར་ བསམ་གཏན་གྱིས་ སླབ་ཨིན་པས།

སྐྱེས་ལོ་༥༤ ལང་མི་ པདྨ་བསྟན་འཛིན་གྱིས་ སླབ་མིའི་ནང་ ས་ཞིང་ལེགས་བཅོས་འབད་གནང་མི་དེ་གིས་ སོ་ནམ་གྱི་ལཱ་འབད་ནི་ལུ་ སེམས་ཤུགས་བསྐྱེད་ནི་མས་ཟེར་ཨིནམ་ད་ སོ་ནམ་གྱི་ལཱ་ཚུ་ གླང་ལག་ལེན་འཐབ་སྟེ་འབད་དོ་ཡོདཔ་ལས་ ད་རེས་ལས་ འཕྲུལ་གླང་པ་ཝར་ཊི་ལར་ ལག་ལེན་འཐབ་ཚུགས་ནི་མས་ཟེར་ཨིན་པས།

ཚོང་འབྲེལ་གྱི་དོན་ལུ་ ཚོད་བསྲེའི་ལཱ་འབད་ནིའི་ འཆར་གཞི་ཡོད་ཟེར་ ཁོ་གིས་བཤད་པའི་ཁར་ རྒེད་འོག་བདག་སྐྱོང་གིས་ དུས་ཚོད་ཁར་ ཞིང་ཆུ་བཏོན་པ་ཅིན་ མང་ཤོས་ཀྱིས་ དུས་ཅི་ལས་ འབྱ་ལཱ་འབད་ནིའི་ འཆར་གཞི་འདུག་ཟེར་ཨིནམ་ད་ གནམ་དགུན་ལུ་ ཚོད་བསྲེ་གི་ལཱ་འབད་ནིའི་ འཆར་གཞི་འདུག་ཟེར་ཨིན་པས།

སོ་ནམ་པ་ཚུ་གིས་ འཕྲུལ་ཆས་ཀྱིས་ ལེགས་བཅོས་འབད་མི་ས་ཞིང་ཚུ་ནང་ ས་ལེགས་བཅོས་འབད་དེ་ འཕྲུལ་གླང་ལག་ལེན་འཐབ་སྟེ་ ལཱ་འབད་འོང་ཟེར་ བཤདཔ་ཨིན་པས།

སོ་ནམ་པ་ བསྟན་འཛིན་ཚེ་དབང་གིས་ སླབ་མིའི་ནང་ ས་ཞིང་ཚུ་ ལེགས་ཤོམ་ཡོདཔ་ལས་ ཚོད་བསྲེ་ག་ཅི་བཙུགས་རུང་ སྐྱེས་མ་བཏུབ་མེད་ཟེར་ཨིནམ་ད་ གཞུང་གིས་ རིན་མེད་སྟོང་པར་སྦེ་ ས་ལེགས་བཅོས་གནང་མི་དང་འབྲེལ་ ཁོང་གིས་འབད་རུང་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ ལཱ་འབད་འོང་ཟེར་ཨིན་པས།

ནད་ཡམས་ཀོ་བིཊ་༡༩ ནམ་ཞི་ཐབས་འབད་ཚུགས་ག་ སླབ་མི་ཤེས་ནི་ཨིནམ་ལས་ ས་ཞིང་ཚུ་ ལག་ལེན་འཐབ་ནི་དང་ དེ་ནང་ ཚོད་བསྲེ་འཛུགས་སྐྱོང་འབད་དེ་ འོང་འབབ་བཟོ་ནིའི་ གོ་སྐབས་ཅིག་ཡང་ཨིན་མས་ཟེར་ ཁོ་གིས་ སླབ་ཨིན་པས།

བསྟན་འཛིན་ཚེ་དབང་གིས་འབད་བ་ཅིན་ ཚོད་བསྲེའི་ལཱ་ཚུ་འབད་དེ་ རྒྱལ་ཁབ་ཀྱི་ བཟའ་འཐུང་ཉེན་སྲུང་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིནམ་ད་ རང་མགོ་རང་འདྲོངས་སྦེ་སྡོད་ནི་ལུ་ཡང་ ཕན་ཐོགས་ནི་མས་ཟེར་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ན་ཡཱན་སུ་བྷ་གིས་ སླབ་མིའི་ནང་ ད་ལྟོ་ ས་ཞིང་ཨེ་ཀར་༢༠ དེ་ཅིག་ ལེགས་བཅོས་འབད་ཚར་ཏེ་ཡོད་ཟེར་ཨིནམ་ད་ དུས་ཅི་གི་ རྩིས་ལོ་ནང་ ས་ཆ་ཨེ་ཀར་༢༠ དེ་ཅིག་ ལེགས་བཅོས་འབད་ནིའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

ས་ཞིང་ལེགས་བཅོས་འབད་ནི་དེ་ རིན་མེད་སྟོང་པར་ཨིནམ་ལས་ ས་ཞིང་ལ་ལོ་ཅིག་ ཤིང་འབྲས་ཀྱི་དོན་ལུ་དང་ ལ་ལོ་ཅིག་ ཚོད་བསྲེ་དང་ ལོ་ཐོག་གཞན་གྱི་དོན་ལུ་ ལེན་ལེན་འཐབ་བཅུག་འོང་ཟེར་ཨིན་པས།

ས་ཞིང་ལེགས་བཅོས་དེ་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ དེ་ཡང་ ས་ཞིང་ཚུ་ དོན་སྨིན་ཅན་དང་ ཡུན་བརྟན་གྱི་ཐོག་ལུ་ བཟའ་སྤྱོད་འབད་བཅུག་ཐབས་ལུ་ཨིན་པས།

རྫོང་ཁག་སོ་ནམ་འགོ་དཔོན་ རྡོ་རྗེ་གིས་ སླབ་མིའི་ནང་ ས་ཞིང་ ལེགས་བཅོས་ཀྱི་སྒྲིག་གཞི་དང་འཁྲིལ་ ས་ཞིང་ཚུ་ལེགས་བཅོས་འབད་དོ་ཟེར་ཨིནམ་ད་ དེ་ཡང་ འཕྲུལ་ཆས་ལག་ལེན་འཐབ་བཏུབ་བཟོ་སྟེ་ ལས་མི་མ་ལང་པའི་ དཀའ་ངལ་སེལ་ཐབས་དོན་ལུ་ཨིན་ཟེར་ཨིན་པས།

དེ་མ་ཚད་ ས་ལེགས་ཤོམ་ཚུ་ ཆུ་གིས་འཕྱགས་མི་འབག་ནི་དང་ སོ་ནམ་པ་ཚུ་ལུ་ སོ་ནམ་གྱི་ལཱ་ རྒྱ་ཆེ་དྲགས་སྦེ་ འབད་བཅུག་ཐབས་ཀྱི་དོན་ལུ་ཡང་ཨིན་ཟེར་ ཁོ་གིས་ བཤད་པའི་ཁར་ ལེགས་བཅོས་འབད་བའི་སྐབས་ལུ་ཡང་ ཕན་ཐོགས་ས་དང་ མི་སེར་གྱིས་འབད་རུང་ ལོ་ངོ་༡༠ དེ་ཅིག་ བཟའ་སྤྱོད་འབད་དགོཔ་སྦེ་ ཆིངས་ཡིག་ཅིག་ཡང་ བཟོ་དོ་ཟེར་ཨིན་པས།

ས་ཞིང་ལེགས་བཅོས་ཀྱི་དོན་ལུ་ གཞུང་དང་ སོ་ནམ་ཚོང་འབྲེལ་དང་ འཚོ་ཐབས་མཐུན་རྐྱེན་ ཡར་སྐྱེད་ལས་རིམ་གྱིས་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།

ད་ཚུན་ སྐམ་ཞིང་ཚུ་ ཨ་རིང་བཟོ་ཡོདཔ་བཞིན་དུ་ ལ་ལོ་ཅིག་ རྡོ་འཐུ་ཞིནམ་ལས་ ལེགས་བཅོས་འབད་ཡོདཔ་ད་ ཨ་རིང་ཆུང་ཀུ་ཚུ་ སྦོམ་བཟོ་སྟེ་ འཕྲུལ་གླང་ལག་ལེན་འཐབ་བཏུབ་ བཟོ་ཡོདཔ་ཨིན་པས།

རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ འཆར་གཞི་༡༢ པའི་ནང་ ས་ཞིང་ཨེ་ཀར་༣༡༠ དེ་ཅིག་ ལེགས་བཅོས་འབད་ནིའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ད་ ད་ལྟོ་ཚུན་ཚོད་ ས་ཞིང་ཨེ་ཀར་༡༢༩ ལྷགཔ་ཅིག་ ལེགས་བཅོས་འབད་ཡོད་པའི་གནས་ཚུལ།

གནས་བརྟན་རྡོ་རྗེ། བཀྲིས་སྒང་།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *