སེརཝ་དང་རླུང་འཚུབས་ཀྱིས་ གསར་སྤང་གི་རྒེད་འོག་༣ ནང་ གནོད་སྐྱོན་རྐྱབ་ཡོདཔ།

༉ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ གསར་སྤང་ལུ་ སེརཝ་རྐྱབ་པའི་ཁར་ རླུང་འཚུབས་འཕུ་མི་ལུ་བརྟེན་ རྒེད་འོག་ལེ་ཤ་ཅིག་གི་ རྒྱུ་དངོས་དང་ལོ་ཐོག་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་སྟེ་ཡོད་རུང་ མི་ལུ་ ཤི་རྐྱེན་དང་རྨ་སྐྱོན་ཚུ་ ག་ནི་ཡང་ མ་འབྱུང་པར་ ཡོདཔ་ཨིན་པས།
རང་བཞིན་རྐྱེན་ངན་གྱི་ སྔོན་འགྲོའི་བརྟག་ཞིབ་སྙན་ཞུ་དང་འཁྲིལཝ་ད་ གཤོམ་སྤང་ཁ་དང་ བདེ་སྐྱིད་གླིང་ དེ་ལས་ དགའ་སྐྱིད་གླིང་རྒེད་འོག་༣ ནང་ གནོད་སྐྱོན་རྐྱབ་ཡོད་པའི་ མངོན་གསལ་བྱུང་མི་དེ་ཡང་ མང་ཤོས་ར་ གཤོམ་སྤང་ཁ་རྒེད་འོག་ནང་ རྒྱུ་དངོས་དང་ དངུལ་ཐོག་ དེ་ལས་ ལོ་ཐོག་གཞན་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ནུག་ཟེར་ཨིན་པས།
ཁ་ཙ་ཕྱི་རུ་ཚུན་ དར་རྒྱས་ཐང་དང་ དཀོན་མཆོག་གླིང་སྤྱི་འོག་ནང་མ་གཏོགས་ བརྟག་ཞིབ་འབད་མ་ཚར་བར་ཡོདཔ་ད་ རླུང་འཚུབས་དེ་གིས་ ཁྱིམ་ཐོག་༦ དང་ བྱ་གསོ་སྐྱོང་ཁང་༡༠ དེ་ཅིག་ འཕྱགས་བདའ་མི་དེ་གིས་ བྱ་༤༠༠ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ ར་༦ དང་ནོར་༡ ལུ་ཡང་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དགའ་སྐྱིད་གླིང་སྤྱི་འོག་ནང་འབད་བ་ཅིན་ ཁྱིམ་ཐོག་༤ འཕྱགས་བདའ་ཡོདཔ་མ་ཚད་ སེརཝ་དེ་གིས་ ཁྱིམ་༢ ཀྱི་ ལྕགས་ཤོག་ལུ་ཡང་ གནོད་སྐྱོན་རྐྱབ་ཡོདཔ་ད་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཟླ་བ་བཟང་མོ་གིས་ སླབ་མིའི་ནང་ སྤྱི་འོག་༤ ནང་ སེརཝ་གིས་ ལོ་ཐོག་དང་ ཚོད་བསྲེ་ཚུ་ལུ་ གནོད་སྐྱོན་སྦོམ་སྦེ་ར་ རྐྱབ་ནུག་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ རྐྱེན་ངན་དེ་གིས་ གེ་ཟ་དང་ ངང་ལག་ ཨེ་མ་ ཚལ་ཤིང་ཚུ་ལུ་ གནོད་སྐྱོན་རྐྱབ་ནུག་ཟེར་ཨིན་པས།
དམངས་མི་ ཨཤ་མཱན་རའི་གིས་ སླབ་མིའི་ནང་ རང་བཞིན་གྱི་རྐྱེན་ངན་བྱུང་བའི་སྐབས་ དེ་འཕྲོ་ལས་ མི་སེར་ཚུ་ལུ་ གུར་གྱི་གྲོགས་རམ་ཚུ་ བྱིན་ཡི་ཟེར་ཨིནམ་ད་ གནོད་སྐྱོན་གྱི་ བརྟག་ཞིབ་ཡོངས་རྫོགས་དེ་ ད་རིས་ འབད་ཚར་འོང་ཟེར་ཨིན་པས།
སེངྒེ་རྒེད་འོག་ནང་འབད་བ་ཅིན་ རླུང་འཚུབས་ཀྱིས་ དོག་མ་ཤིང་༡༠༠ དེ་ཅིག་ བརྡབས་བཏང་ཡོད་རུང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོད་པའི་ སྙན་ཞུ་མེདཔ་ད་ བདེ་སྐྱིད་གླིང་རྒེད་འོག་ནང་ཡང་ དོག་མ་ཤིང་ཚུ་ལུ་ གནོད་པ་རྐྱབ་ཡོད་པའི་ སྙན་ཞུ་ལྷོད་ཡོདཔ་ཨིན་པས།
རྐྱེན་ངན་དེ་ལུ་བརྟེན་ རྒེད་འོག་ནང་ རྒྱལ་ཡོངས་ཚོགས་སྡེའི་དོན་ལུ་ སྤྱིར་བཏང་འཛོམས་འདུ་ འགོ་འདྲེན་འཐབ་ནི་ལུ་ཡང་ བར་ཆད་དུམ་གྲ་ཅིག་ རྐྱབ་ཡོདཔ་ཨིན་པས།
གསར་སྤང་རྫོང་བདག་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ རྐྱེན་ངན་དེ་ ཁ་ཙ་ ཉིན་མ་ཁམས་ཅིག་ཁར་ བྱུང་མི་ལུ་བརྟེན་ བརྟག་ཞིབ་ཡོངས་རྫོགས་སྦེ་ འབད་མ་ཚུགས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

 

About admin

Check Also

ཐོན་སྐྱེད་ཕྱིར་ཚོང་གི་དོན་ལུ་ ཐབས་ལམ་གྲ་སྒྲིག་འབད་ཡོདཔ།

༉ འབྲུག་ནང་འཁོད་ལས་ ཐོན་སྐྱེད་འབད་མི་ཚུ་ ཕྱིར་ཚོང་འཐབ་ད་ ད་རེས་ དཀའ་ངལ་བྱུང་མི་དེ་ ད་ལས་ཕར་ སེལ་ཐབས་ཀྱི་དོན་ལུ་ གཞུང་གིས་ ཐབས་ལམ་བཏོན་ཡོདཔ་མ་ཚད་ ནང་འཁོད་ལུ་ བགོ་བཀྲམ་འབད་ནིའི་དོན་ལུ་ཡང་ ཡུན་བརྟན་གྱི་ལས་སྣ་ཚུ་ འགོ་འདྲེན་འཐབ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *