སྤར་མ་གླིང་སྟོད་ལུ་ཡོད་མི་ སེར་སྦྱང་གསོ་སྐྱོང་ས་ཁོངས།

སེར་སྦྱངམ་གསོ་སྐྱོང་འབད་ནི་དེ་ ཁེ་སང་ཅན་གྱི་ ཚོང་འབྲེལ་ཅིག་ཨིནམ།

༉ རྩི་རང་སྤ་ཚར་གླིང་སྟོད་ལས་ སོ་ནམ་པ་ ཚེ་རིང་དབང་འདུས་ཤེར་པ་གིས་ ཁོ་ར་ ལོ་ན་རྒསཔ་ད་ སེར་སྦྱང་གསོ་སྐྱོང་གི་ལཱ་ནང་ འབྲེལ་འཛིན་འབད་འོང་ཟེར་ མནོ་བསམ་མ་བཏང་པས།
ཨིན་རུང་ བུམ་ཐང་བྱ་དཀར་ལུ་ སློབ་གྲྭ་ནང་སྡོདཔ་ད་ ཨེ་པཱལ་ལྡུམ་རའི་ནང་ སྦྱངམ་ཚུ་ ཨེ་པཱལ་ཤིང་གི་ མེ་ཏོག་གུ་ལས་ཕར་ཆགས་ཏེ་ ཟེའུ་འབྲུའི་ཕྱེ་སྦྱོར་སར་ མཐོང་པའི་ཤུལ་ལས་ སེར་སྦྱང་གསོ་སྐྱོང་འབད་ནི་ལུ་ སྤྲོ་བ་བསྐྱེད་ཡོདཔ་ཨིན་པས།
ཁོ་ར་ གཡུས་ཁར་ལོག་འོང་པའི་ཤུལ་ལས་ སྤྱི་ལོ་༢༠༡༠ ལུ་ སེར་སྦྱང་གསོ་སྐྱོང་གི་ ལཱ་འགོ་བཙུགས་ཡོདཔ་ད་ ཁོ་ལུ་ སོ་ནམ་གྱི་ ལཱ་འབད་ནི་ལུ་ སྤྲོ་བ་སྦོམ་བྱུང་ཡོདཔ་མ་ཚད་ སྦྱངམ་གསོ་ཐངས་ཡང་ ལྷབ་ནི་གི་ སེམས་ཤུགས་ཐོབ་ཅི་ཟེར་ ཚེ་རིང་དབང་འདུས་ཤེར་པ་གིས་ བཤདཔ་ཨིན་པས།
ཚེ་རིང་དབང་འདུས་ཤེར་པ་དེ་ སྤར་ཚ་གླིང་སེར་སྦྱང་སྡེ་ཚན་གྱི་ ཁྲི་འཛིན་ཨིནམ་ད་ སྦྱངམ་གསོ་སྐྱོང་ནང་ འཐུས་མི་༡༦ དེ་ཅིག་གིས་སྦེ་ འགོ་བཙུགསཔ་ཡོདཔ་བཞིན་དུ་ ད་རེས་འབདཝ་ད་ འཐུས་མི་༣༢ ལུ་ ཡར་འཕར་སོང་ནུག།
རྩི་རང་རྫོང་ཁག་ནང་ སེར་སྦྱང་སྡེ་ཚན་༥ ཡོད་མི་ལུ་ འཐུས་མི་༡༣༠ ལྷགཔ་ཅིག་ཡོད་པའི་ཁར་ རང་རྐྱང་ཐོག་ གསོ་སྐྱོང་འབད་དེ་ ནང་འཁོད་ཁྲོམ་ནང་ སྦྲང་རྩི་ཚོང་འབྲེལ་འཐབ་མི་ཡང་ཡོདཔ་ཨིན་པས།
ཚེ་རིང་དབང་འདུས་ཤེར་པ་གིས་འབད་བ་ཅིན་ སེར་སྦྱང་གསོ་སྐྱོང་གི་ལཱ་ནང་ ཚོང་འབྲེལ་གཞན་བཟུམ་སྦེ་ མ་རྩ་སྦོམ་སྦེ་ བཙུགས་མ་དགོཔ་ཨིན་རུང་ སྦྲང་རྩི་ལེགས་ཤོམ་འཐོན་དགོ་པ་ཅིན་ སེར་སྦྱང་དང་ སྦྱང་ཚང་རྒྱུན་སྐྱོང་འཐབ་ཐངས་ཚུ་ ཤེས་དགོཔ་དེ་ ཁག་ཆེ་ཟེར་ཨིན་པས།
སྦྱངམ་གསོ་སྐྱོང་འཐབ་ཐངས་རྐྱངམ་གཅིག་མེན་པར་ སེར་སྦྱངམ་ཚུ་ ཟ་མི་དང་ གནོདཔ་བཀལ་མིའི་སྐོར་ལས་ཡང་ ཤེས་དགོ་ཟེར་ ཁོ་གིས་ བཤད་པའི་ཁར་ རེ་ཚེ་སྐབས་ སྦྱངམ་ཚུ་ནད་ཐོབ་སྟེ་ ཤི་ནི་ཡོད་ཟེར་ བཤདཔ་ཨིན་པས།
རྩི་རང་གིས་ སྤྱི་ལོ་༢༠༡༨-༢༠༡༩ འི་རྩི་ལོ་ནང་ སྦྲང་རྩི་མེ་ཊིག་ཊཱན་༤.༩ དེ་ཅིག་ ཐོན་སྐྱེད་འབད་ཡོདཔ་ལས་ མེ་ཊིག་ཊཱན་༣.༦ དམིགས་གཏད་འབད་མི་ལས་ ཐེབས་ཐོན་སྐྱེད་འབད་མི་དེ་ཡང་ སེར་སྦྱང་གསོ་སྐྱོང་ནང་ ངོ་རྐྱང་གིས་ འབྲེལ་འཛིན་འབད་མི་ ཡར་འཕར་སོང་མི་དང་ གསོ་སྦྱོང་འབད་ཐངས་ ཤེས་རྟོགས་བྱུང་མི་ལུ་བརྟེན་ཨིན་པས།
སྒོ་ནོར་ཐོན་སྐྱེད་འགོ་དཔོན་ འཇིགས་མེད་བསྟན་འཛིན་གྱིས་ སླབ་མིའི་ནང་ རྫོང་ཁག་གིས་ སེར་སྦྱང་གསོ་སྐྱོང་འབད་ཐངས་ཀྱི་ སྦྱོང་བརྡར་བྱིན་ཐོག་ལས་ སོ་ནམ་པ་ཚུ་ལུ་ རྒྱབ་སྐྱོར་འབད་ཡི་ཟེར་ཨིནམ་ད་ དེ་ཡང་ སེར་སྦྱང་གསོ་སྐྱོང་དང་ འཛིན་སྐྱོང་ལུ་མཁོ་བའི་ མཐུན་རྐྱེན་དང་ ཅ་ཆས་ཚུ་ མཁོ་སྤྲོད་འབད་ཡི་ཟེར་ཨིན་པས།
ད་རུང་ མི་དབང་རྒྱལ་བཙུན་གྱི་ལས་འགུལ་དང་ རྒྱལ་ཡོངས་རྫས་སྦྱོར་སླ་བསྲེ་མེད་པའི་ ནང་འཁོད་ཐོན་སྐྱེད་ལས་རིམ་གྱིས་ཡང་ མཁོ་ཆས་དང་ ལག་ཆ་ དེ་ལས་ སྒམ་རྐྱབ་ནི་དང་ སྒམ་ཚུ་གི་ཕྱི་ཁར་ སྦྱར་ནི་གི་ ཡི་གུ་ལ་སོགས་པའི་ ཅ་ཆས་ཚུ་གི་ རྒྱབ་སྐྱོར་འབད་ནུག།

ཚེ་རིང་དབང་འདུས་ཤེར་པ་གིས་ སྦྱང་ཚང་གསལ་སྟོན་འབད་བའི་བསྒང་།
སྦྲང་རྩི་བསྡུ་ལེན།
སྦྱང་ཚང་ནང་ལས་ སྦྲང་རྩི་བསྡུ་གསོག་འབད་ནི་གི་ དུས་ཚོད་༢ ཡོད་མི་དེ་ཡང་ སྤྱི་ཟླ་༦ པ་དང་༧ པའི་བར་ན་དང་ དུས་ཚོད་གཞན་དེ་ སྤྱི་ཟླ་༡༠ པ་དང་༡༢ པའི་ནང་ བསྡུ་ལེན་འབདཝ་ཨིན་པས།
འཇིགས་མེད་བསྟན་འཛིན་གྱིས་འབད་བ་ཅིན་ སྦྲང་རྩི་ཕྱིར་ཚོང་འཐབ་ནི་གི་ འོས་འབབ་ཡོདཔ་བཟུམ་སྦེ་ མཐོངམ་ཨིན་རུང་ ད་ལྟོ་ ཐོན་སྐྱེད་རྒྱ་ཆེཝ་སྦེ་མེདཔ་ལས་ ནང་འཁོད་ཀྱི་ མཁོ་འདོད་ཡང་ འགྲུབ་མི་ཚུགས་པས་ཟེར་ཨིན་པས།
སྦྲང་རྩི་ཀེ་ཇི་རེ་ལུ་ དངུལ་ཀྲམ་༧༠༠ དང་༨༠༠ གི་བར་ན་ བཙོངམ་དོ་ཡོད་རུང་ གོང་ཚད་དེ་ ས་གོ་དང་འཁྲིལ་ཏེ་ འགྱོཝ་ཨིན་ཟེར་ ཚེ་རིང་དབང་འདུས་ཤེར་པ་གིས་ བཤད་པའི་ཁར་ ཁོ་གིས་ སྦྱངམ་གསོ་སྐྱོང་གི་ ལཱ་འབད་ནི་ འགོ་བཙུགསཔ་ད་ དེ་བཟུམ་ལཱ་འབད་མི་ སོ་ནམ་པ་གངམ་མེད་རུང་ འཕྲལ་ཁམས་ཅིག་ལས་ ཚོང་འབྲེལ་གྱི་སྐོར་ལས་ ལོ་རྒྱུས་དྲི་མི་དང་ གསོ་སྐྱོང་འཐབ་མི་མངམ་ཐོན་ཡི་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཕྱིའི་མི་ཚུ་གིས་ཡང་ སྦྲང་རྩི་ཉོ་ནི་གི་ སྤྲོ་བ་བསྐྱེདཔ་བཞིན་དུ་ ཧེ་མར་ཚར་ཅིག་ ལོ་ཅིག་ནང་ ཁོ་གིས་ སྦྲང་རྩི་བཙོང་སྟེ་ དངུལ་ཀྲམ་འབུམ་༢ ཐོབ་ཅི་ཟེར་ཨིན་པས།
སེར་སྦྱང་གསོ་སྐྱོང་ལུ་བརྟེན་ ཤིང་འབྲས་དང་ སོ་ནམ་གྱི་ ཐོན་སྐྱེད་ཚུ་ཡང་ ཧེ་མ་དང་ཕྱདཔ་ད་ ཡར་དྲག་སོང་སྟེ་ཡོད་ཟེར་ བཤད་པའི་ཁར་ སྦྲང་རྩི་གིས་མ་དོ་བར་ སྦྱང་ཚང་ཚུ་ཡང་ བཀྲམ་སྤེལ་འབད་དོ་ཡོདཔ་ད་ སྦྱང་ཚང་ཆ་ཚང་རེ་ལུ་ དངུལ་ཀྲམ་༣,༠༠༠ རེ་སྦེ་ བཙོངམ་ཨིན་པས།
ད་ཚུན་གྱི་བར་ན་ སྦྲང་རྩི་དེ་ རང་ལུགས་ཀྱི་ ཐབས་ལམ་ལག་ལེན་འཐབ་ཐོག་ལས་ བསྡུ་གསོག་འབདཝ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སྦྲང་རྩི་བཟོ་བསྒྱུར་ཁང་གཞི་བཙུགས་འབད་ཚར་མི་དང་བསྟུན་ སྦྱངམ་གསོ་མི་ཚུ་གིས་ ད་ལས་ཕར་ དེང་སང་གི་ འཕྲུལ་རིག་ལག་ལེན་འཐབ་ཐོག་ལས་ སྦྲང་རྩི་བསྡུ་གསོག་འབད་ནི་ཨིན་པས།
དེ་མ་ཚད་ ཁོང་གིས་ སྦྲང་རྩི་ཚུ་ ཤེལ་དམ་སྦྱིས་ནང་འདེགས་ཏེ་ ཐོན་སྐྱེད་ཀྱི་ཕྱི་ཁར་ ཡི་གུ་སྦྱར་ནི་ཨིན་པས།
སྦྲང་རྩི་བཟོ་བསྒྱུར་ཁང་དེ་ བུམ་ཐང་ལུ་ཡོད་མི་ རྒྱལ་ཡོངས་ལ་མཐོ་སའི་ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་དང་ དབང་འདུས་ལུང་ཕྱོགས་སྒོ་ནོར་གོང་འཕེལ་ལྟེ་བ་གིས་ གཞི་བཙུགས་འབད་ནི་ལུ་ ལྷན་ཐབས་འབད་ཡོད་པའི་གནས་ཚུལ།

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *