སེམས་བག་ཡེངས་ཤོར་རུང་ འཚེར་འཛིན་འབད་དགོཔ།

༉ འདས་པའི་ཟླཝ་༡༤ དེ་ཅིག་གི་རིང་ འཛམ་གླིང་རྒྱལ་ཁབ་མང་ཤོས་ཅིག་ནང་ ནད་ཡམས་ཀོ་བིཌ་-༡༩ འི་ གནས་སྟངས་ལུ་བརྟེན་ དཀའ་ངལ་བྱུང་དོ་བཟུམ་སྦེ་ འབྲུག་རྒྱལ་ཁབ་ནང་ཡང་ གདོང་ལེན་བྱུང་མི་དེ་ ག་ར་གི་ མཐོང་གསལ་ལུ་ཡོདཔ་ཨིན།

འདི་བཟུམ་གྱི་ གདོང་ལེན་དེ་ འབྲུག་མི་ག་ར་གིས་ ཆུ་དྭངསམ་བ་ཉ་གསལཝ་སྦེ་ ཤེས་གསལ་ལུ་ཡོདཔ་ལས་ དྲན་ཤེས་བསྐྱེད་དགོཔ་དེ་ཡང་ ཁག་ཆེ་ནི་མས།

ཨིན་རུང་ དུས་དང་དུས་སུ་ སེམས་བག་གཡེང་ཤོར་ནི་དེ་ མི་མང་ཡོངས་ཀྱི་ རང་བཞིན་ཅིག་ཨིནམ་ལས་ བག་ལྷོད་ཀྱི་ངང་ལུ་ སྡོད་ནི་འདི་ ལེགས་ཤོམ་མེན།

ག་འཆརཔ་ཟེར་བ་ཅིན་ འདས་པའི་ཟླཝ་དག་པ་ཅིག་གི་ཧེ་མར་ ནད་ཡམས་ཀྱི་ མིང་གོཝ་ཅིག་ ག་ར་གི་སེམས་ཁར་ འདྲོག་བྱེལ་དང་ འཚེར་སྣང་སྦོམ་སྦེ་ར་ བསྐྱེདཔ་ཨིན་རུང་ སྒྲིག་དྲག་ན་སེངྒེ་ཁྱི་ཡིས་བརྙས་ཟེར་ སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཡུན་འགྱངས་སྦེ་ ལུས་པའི་བསྒང་ལས་ དོགས་ཟོན་འབད་མི་ཡང་ མེདཔ་བཟུམ་འདུག།

སྤྱིར་བཏང་ གསོ་བའི་སྒྲིག་གཞི་ལུ་ གནས་དགོཔ་ཅིག་ཨིན་རུང་ མཐོང་གསལ་ལུ་ བྱུང་དོ་བཟུམ་འབད་བ་ཅིན་ ནད་ཡམས་ཟེར་མི་དེ་ ཉེན་འཚུབས་ཡོད་ཟེར་ ཁ་གིས་སླབ་ཙམ་མ་གཏོགས་ འདི་ལུ་ དོགས་ཟོན་བསྐྱེད་མི་ དེ་ཅིག་ར་མི་མཐོང་མས།

ཐིམ་ཕུག་ཁྲོམ་ཚོགས་ཚུ་ནང་ལས་ཕར་ སོང་བལྟཝ་ད་ མི་ག་ར་གིས་ ཁ་རས་རྐྱངམ་གཅིག་ སྤུབས་སྡོདཔ་མ་གཏོགས་ ལགཔ་ཆུ་འཁྱུ་ནི་དང་ བར་ན་ས་སྟོང་བཞག་དགོཔ་སྦེ་ ཡང་ལས་ཡང་དུ་ ཁྱབ་བསྒྲགས་འབད་མི་ལུ་ ག་གིས་ཡང་ བརྩི་མཐོང་མི་བསྐྱེད་པས།

འདི་བཟུམ་གྱི་ སེམས་བག་གཡེང་ཤོར་བའི་ བྱ་སྤྱོད་མང་ཆེ་སུ་ཅིག་འབདཝ་ད་ར་ རྒྱལ་ཁབ་ནང་ སྟབས་མ་བདེ་བའི་དཀའ་ངལ་ སྦོམ་ཤོས་ཅིག་ཨིན་མི་ འགྲོ་འགྲུལ་བཀག་དམ་ཟེར་བའི་ བྱ་ལས་མ་འཐབ་ མེད་ཐབས་མེདཔ་ཅིག་ལུ་གྱུརཝ་མས།

འགྲོ་འགྲུལ་བཀག་དམ་འབད་བའི་བསྒང་ལས་ མི་དྲག་ཞན་ཆེ་ཆུང་མེད་པར་ ག་ར་ལུ་ སྟབས་མ་བདེཝ་བྱུང་དོ་ཡོདཔ་ལས་ ཆུ་མ་འོང་གོང་ལས་ གཡུར་བ་བསལ་ནི་དེ་ཡང་ ཁག་ཆེ་བས།

དེ་འབདཝ་ལས་ མི་མང་གིས་ འགན་ཁུར་འདྲན་འདྲ་འབག་སྟེ་ ཉེན་སྲུང་གི་ སྒྲིག་གཞི་དང་ ཐབས་ལམ་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་སྟེ་ གལ་སྲིད་ ལྟ་རྟོག་འབད་མི་མེད་པ་ཅིན་ སྣང་མེད་སྦེ་ ཚོང་ཁང་ཚུ་ནང་ལས་ཕར་ བྲེལ་ཟིང་དང་ འུར་བྱེལ་འཐབ་ནི་མེན་པར་ དུས་ནམ་ར་འབད་རུང་ ངོ་རྐྱང་རེ་རེ་བཞིན་ལུ་ཕོག་པའི་ འགན་ཁུར་ངོ་མ་ཅིག་ཨིན་ཟེར་ བཟང་སྤྱོད་ཀྱི་མནོ་ལུགས་ལུ་ དང་ལེན་ཐོག་ལས་ དྲན་ཤེས་ཐེབས་ཅིག་ར་ བསྐྱེད་དགོཔ་འདུག།

འབྲུག་ཆོས་ལྡན་གྱི་རྒྱལ་ཁབ་ནང་ མི་མང་ག་ར་གིས་ སེམས་མཐུན་གཅིག་མཐུན་གྱི་ཐོག་ལས་ ནད་ཡམས་སྔོན་འགོག་གི་ ཐབས་ལམ་སྒྲིག་པ་ཅིན་ ནམ་ཕུགས་ལུ་ ང་བཅས་མི་སེར་ཚུ་ལུ་ར་ ཕན་ཐོགས་འབྱུང་ནི་ཨིནམ་ལས་ ག་ར་གི་ འཚེར་འཛིན་གྱི་སྒོ་ལས་ སེམས་ཁར་ངེས་དགོཔ་འདུག།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *