སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་ ཡར་སེང་འགྱོ་དོ་ཡོདཔ།

༉ རྒྱལ་ཁབ་ནང་ སེམས་འཚུབས་དང་ སེམས་སྐྱོ་བའི་ནད་གཞི་ཐོབ་མིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོད་པའི་ མཐོང་གསལ་བྱུངམ་ཨིན་པས།
སེམས་ཁམས་ནད་གཞི་དེ་ འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ ཀླདཔ་གི་ནད་རྟགས་ལུ་བརྟེན་ དུས་རྒྱུན་དུ་ དྲན་ཤེས་དང་ མནོ་བསམ་གཏང་ནི་ བྱ་བ་སྤྱོད་ལམ་ཚུ་ རང་བཞིན་གྱིས་ མ་འདྲཝ་སྦེ་ བསྒྱུར་བཅོས་འགྱོ་མི་ལུ་ གོཝ་ཨིན་ཟེར་ཨིན་པས།
མ་གཞི་ ལོ་ན་རྒསཔ་ད་ སེམས་བདག་འཛིན་འཐབ་མ་ཚུགསཔ་སྦེ་ འགྱོཝ་ཨིན་རུང་ ད་རེས་ཀྱི་གནས་སྟངས་དེ་ ལོ་ན་རྒས་མི་ལུ་བརྟེན་ བྱུངམ་མེན་ཟེར་ཨིན་པས།
འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་ ཌོག་ཊར་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ རྒྱལ་ཁབ་ནང་ ཚེ་རིངམོ་སྦེ་སྡོད་ཚུགས་མི་དང་ ལོ་ན་རྒས་མིའི་མི་རློབས་ ཡར་སེང་འགྱོ་མི་ལུ་བརྟེན་ འདས་པའི་ལོ་༣ ནང་ སེམས་ཁམས་རིག་པའི་ལས་ཁུངས་ཀྱིས་ ནད་གཞི་ཐོབ་མིའི་གྱངས་ཁ་ ཡར་འཕར་འགྱོ་དོ་ཡོད་པའི་ ཤེས་རྟོགས་བྱུང་ཡི་ཟེར་ ཨིན་པས།
སྤྱི་ལོ་༢༠༡༧ ལུ་ ལས་ཁུངས་ནང་ སེམས་གནས་པ་མེད་པའི་ ནད་གཞི་ཐོབ་མི་དང་ཕྱདཔ་ད་ དུས་ཅི་ མི་གྲངས་༤ ཡར་སེང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༩ གི་ ལོ་བསྟར་གསོ་བའི་སྙན་ཞུ་དང་འཁྲིལཝ་ད་ ནད་གཞི་འགོ་དང་པ་ར་ སྤྱི་ལོ་༢༠༡༦ ལུ་ མི་༢༡ གིས་ ཐོབ་ཡོད་པའི་ ཤེས་རྟོགས་བྱུང་ནུག་ཟེར་ཨིན་པས།
སྤྱི་ལོ་༢༠༡༨ ལུ་ སྨན་ཁང་གིས་ སེམས་གནས་པ་མེད་པའི་ ནད་གཞི་ཐོབ་མི་༣༣ ཐོ་བཀོད་འབད་མི་དེ་ འདས་པའི་ལོ་ཚུ་དང་ཕྱདཔ་ད་ མི་གྲངས་༡༥ གིས་ ཡར་སེང་སོང་ནུག་ཟེར་ཨིནམ་ད་ དེ་ཡང་ མི་༣༣ གྱི་གྲས་ལས་༢༦ སྐྱེས་ལོ་༡༥ ལས་༤༩ གི་བར་ན་འབད་མི་ཚུ་ཨིནམ་ད་ སྐྱེས་ལོ་༥༠ དང་༥༩ གི་བར་ན་འབད་མི་༥ དེ་ལས་༦༠ ཡན་ཆད་འབད་མི་༢ ཡོདཔ་ད་ དེ་ཚུའི་གྲས་ལས་ ནད་གཞི་ཐོབ་མི་༢༧ ཕོ་སྐྱེས་ཚུ་ཨིན་པས།
དེ་བཟུམ་སྦེ་ སྤྱི་ལོ་༢༠༡༧ ལུ་ མི་༡༨ ལུ་ ནད་གཞི་ཐོབ་མིའི་གྲས་ལས་༡༡ ཨམ་སྲུ་ཨིནམ་ད་ དེ་ཡང་ སྐྱེས་ལོ་༡༥ དང་༤༩ གི་བར་ན་འབད་མི་༩ དང་ གཞན་སྐྱེས་ལོ་༦༠ ཡན་ཆད་མི་ཚུ་འདུག་ཟེར་ཨིན་པས།
འཛམ་གླིང་ནང་ མི་རློབས་ས་ཡ་༥༠ དེ་ཅིག་ལུ་ ནད་གཞི་ཐོབ་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ སྐར་ཆ་༢ དང་༣ གྱི་བར་ན་ མི་རེ་ལུ་ ནད་གཞི་ཐོབ་དོ་ཡོདཔ་ལས་ སྤྱི་ལོ་༢༠༥༠ ལུ་༣ ལྟབ་སྦེ་ ཡར་སེང་འགྱོ་འོང་ཟེར་ བཀོད་དེ་འདུག།
དུས་ཅི་ སྤྱི་ཟླ་༥ པའི་ནང་ རྒྱལ་སྤྱི་འཛམ་གླིང་གསོ་བའི་ལས་ཚོགས་ཀྱིས་ གསར་བཏོན་འབད་མི་ ནད་གཞི་བཀག་ཐབས་ཀྱི་ ལམ་སྟོན་དང་འཁྲིལ་བ་ཅིན་ རྒྱུན་ཆད་མེད་པར་ ལུས་སྦྱོང་འབད་ནི་དང་ ཏམ་ཁུ་འཐུང་ལས་འཛེམ་ནི་ སྨྱོ་ཆང་སྤང་ནི་ ལྗིད་ཚད་ཉེན་སྲུང་འབད་ནི་ དེ་ལས་ གཟུགས་ལུ་ཕན་པའི་ བཞེས་སྒོ་བཟའ་ནི་ཚུ་ རྒྱུན་མ་ཆད་པར་ འབད་དགོཔ་གལ་ཆེ་ ཟེར་ཨིན་པས།
ཁྲག་ཤུགས་རྒྱུན་སྐྱོང་འབད་ནི་དང་ ཚིལ་རྫས་དང་ གུ་རམ་གནས་ཚད་ཚུ་ ཚད་དང་ལྡནམ་སྦེ་བཞག་ཚུགས་པ་ཅིན་ སེམས་ གནས་པ་མེད་པའི་ ནད་གཞི་འཐོབ་ནི་ལས་ བཀག་ཚུགས་ཟེར་ཨིན་པས།
རྒྱལ་སྤྱི་འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཌོག་ཊར་ ཊི་ཌོསུ་གིས་ སླབ་མི་དང་འཁྲིལཝ་ད་ ལམ་སྟོན་ཀི་དེབ་བརྩམས་མི་དེ་ ཚན་རིག་མཁས་མཆོག་ཚུ་གིས་ སྒྲུབ་བྱེད་བཏོན་མི་དང་འཁྲིལ་ བཟོ་ཡོདཔ་ལས་ དོན་ཧིང་ལུ་ ཕན་ཐོགས་པ་ཅིན་ ཀླདཔ་ལུ་ཡང་ ཕན་ཐོགས་ཚུགས་ཟེར་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་དང་འཁྲིལ་བ་ཅིན་ ལོ་བསྟར་བཞིན་དུ་ སེམས་གནས་པ་མེད་པའི་ ནད་གཞི་ཐོབ་མི་ ཡར་སེང་སོང་མི་དེ་ མི་སྡེ་ནང་ དཔལ་འབྱོར་གོང་འཕེལ་དང་ དུས་རྒྱུན་དུ་ སྨན་བཅོས་ལེགས་ཤོམ་འབད་མ་ཚུགས་མི་ལུ་བརྟེན་ བྱུང་ནུག་ཟེར་ཨིན་པས།
ལམ་སྟོན་དཔེ་དེབ་ལུ་བརྟེན་ ད་ལས་ཕར་ འཚོ་བའི་གནས་སྟངས་དང་ བཀག་ཐབས་རིམ་ལུགས་ཚུ་ ཚུལ་དང་ལྡནམ་སྦེ་ གཟུགས་ཁམས་འཕྲོད་བསྟེན་ཚུ་ བདག་འཛིན་འབད་ཚུགས་པ་ཅིན་ ནད་གཞི་བཀག་ཚུགས་ཟེར་ཨིན་པས།
ལམ་སྟོན་ཡིག་ཆ་དེ་ གཞུང་དང་ སྲིད་བྱུས་རྩམ་མི་དབང་འཛིན་ཚུ་གིས་ གཞི་དེ་ལུ་བཞག་སྟེ་ སྲིད་བྱུས་བརྩམ་ནི་དང་ ལས་རིམ་འགོ་འདྲེན་འཐབ་པ་ཅིན་ རང་བཞིན་གྱིས་ གཟུགས་ཁམས་བདག་འཛིན་འཐབ་ནི་ལུ་ ཕན་ཐོགས་ཡོདཔ་བཞིན་དུ་ འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ དམིགས་གཏད་ཡང་དེ་ཨིན་པས།
འཛམ་གླིང་གསོ་བའི་ལས་ཚོགས་ཀྱི་ ལས་འཆར་སྤྱི་ལོ་༢༠༡༧ ལས་༢༠༢༥ ཚུན་ ནད་གཞི་ཐོབ་མི་མར་ཕབ་ཀྱི་ གྲུབ་འབྲས་བཏོན་པ་ཅིན་ གཟུགས་ཁམས་བདག་འཛིན་འབད་དགོཔ་ གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *