སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་ ཚེ་རིང་ལྷ་མོ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ སྐྱེལ་བའི་བསྒང་།

སེམས་ཁམས་ཀྱི་ ནད་གཞི་ཐོབ་མི་ཨམ་སྲུ་ཅིག་ལུ་ རྩི་སའི་ཁྱིམ་ཆུང་ཅིག་ རྐྱབ་གནང་བའི་རེ་བ།

༉ སྐྱེས་ལོ་༣༦ ལང་མི་ ཚེ་རིང་བཟང་མོ་དེ་ སེམས་ཁམས་ཀྱི་ནད་གཞི་ཐོབ་པའི་ཤུལ་ལས་ སྨན་བཅོས་རིམ་གྲོ་གིས་ ཕན་ཐོགས་མེད་པར་ ཁྱིམ་ནང་ ལགཔ་དང་རྐངམ་བསྡམས་ཏེ་ བཞག་དགོ་པའི་གནས་སྟངས་ལུ་ ཐུག་ཡོདཔ་ཨིན་པས།
སྔ་ཚང་རྒེད་འོག་གི་ སྨན་གཡོགཔ་གིས་ ཨམ་སྲུ་དེ་ ནདཔ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ནང་བཙུགས་ཏེ་ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་དགོ་མི་དེ་ཡང་ རྒྱལ་ཡོངས་གཙོ་བོ་བསྟེན་སྨན་ཁང་ལས་ གསོ་བའི་དྲུང་ཆེན་གྱིས་ སླབ་སྟོན་འབད་མི་དང་འཁྲིལ་ཨིན་པས།
ཚེ་རིང་ལྷ་མོ་དེ་ མོང་སྒར་རྫོང་ཁག་ སྔ་ཚང་རྒེད་འོག་ ཕ་ནསི་གཡུས་ཚན་ལས་ཨིནམ་ད་ ད་རེས་ནངས་པར་ སྐྱེས་ལོ་༥༠ ལང་མི་ མོ་རའི་ཨའི་ ཡེ་ཤེས་གསལ་སྒྲོན་གྱིས་ བདག་འཛིན་འཐབ་དོ་ཡོདཔ་ཨིན་པས།
ཡེ་ཤེས་གསལ་སྒྲོན་གྱིས་ སླབ་མིའི་ནང་ མོ་གི་བུམོ་དེ་ སྐྱེས་ལོ་༡༢ སྦེ་སྡོདཔ་ད་ སེམས་ཁམས་ལུ་ ནད་གཞི་ཐོབ་པའི་རྗེས་སུ་ ལོ་ངོ་༢༤ གི་རིང་ སྨན་བཅོས་རིམ་གྲོ་ཚུ་ འབད་ཡི་ཟེར་ཨིནམ་ད་ དེ་ཡང་ གཞུང་གི་བཀྲིན་ལུ་བརྟེན་ ལུང་ཕྱོགས་གཙོ་བསྟེན་སྨན་ཁང་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་༢ ནང་ སྨན་བཅོས་འབད་བའི་ཁར་ རྒྱ་གར་རྒྱལ་ཁབ་ཀྱི་ སྨན་ཁང་ཚུ་ནང་ཡང་ སྨན་བཅོས་འབད་ཡོད་རུང་ དྲག་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ བླམ་དང་རིན་པོ་ཆེ་ཚུ་ལས་ བཀའ་བསྒོ་དང་ བྱབས་ཁྲུས་ དེ་ལས་ རིམ་གྲོ་རྣམ་པ་སྣ་ཚོགས་འབད་རུང་ དྲག་ནི་མེད་པའི་ཤུལ་ལས་ སྤྱི་ལོ་༢༠༡༤ ལས་ཚུར་ ཐོག་༢ འབད་མི་ རང་ལུགས་ཀྱི་ཁྱིམ་དང་གཅིག་ཁར་སྦྱར་ཏེ་ ཁྱིམ་ཆུང་ཀུ་ཅིག་རྐྱབ་མིའི་ནང་ ཐགཔ་གིས་ རྐངམ་དང་ལགཔ་བསྡམས་ཏེ་ བཞག་དགོཔ་བྱུང་ཡི་ཟེར་ ཡེ་ཤེས་གསལ་སྒྲོན་གྱིས་ སླབ་ཨིན་པས།
སྨན་ཁང་ནང་ འབག་འོང་མི་དེ་ཡང་ རྒེད་འོག་གི་ སྨན་གཡོགཔ་གིས་ སྨན་ཁང་ནང་ བསྐྱལ་དགོཔ་སྦེ་ ཨུ་ཚུགས་རྐྱབ་པའི་ཤུལ་ལས་ ད་རུང་ཚར་གཅིག་ སྨན་བཅོས་ཀྱིས་ ག་དེ་སྦེ་ ཕན་ཐོགས་འབྱུང་ཚུགས་ག་ ཞིབ་དཔྱད་དང་འདྲཝ་སྦེ་ འབག་འོང་ཡི་ཟེར་ཨིན་པས།
དེ་ཡང་ འཕྲལ་འཕྲལ་ར་ མོ་རའི་ ནད་གཞི་དེ་ལོངམ་ད་ མི་༣ དང་༤ གིས་བཟུང་རུང་ འབད་མ་ཚུགས་པའི་ གནས་སྟངས་ལུ་ཐུག་པའི་སྐབས་ རྡོ་དང་ཤིང་ཚུ་ ག་ཅི་ལག་ཁར་ཚུདཔ་ཅིག་ མི་ལུ་ འཐུ་བཀོ་ནི་དང་ བླུགས་ནི་ཡོདཔ་ལས་ མི་གཞན་ལུ་ གནོད་སྐྱོན་རྐྱབ་ནི་ཨིནམ་མ་ཚད་ མོ་རའི་ཚེ་སྲོག་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
དེ་འབད་ནི་འདི་གིས་ སྨན་བཅོས་ག་ཅི་ར་འབད་རུང་ གཡུས་ཁ་ལུ་ཡོད་པའི་ ཁྱིམ་ནང་སྦེ་ འབད་ནི་མ་གཏོགས་ གཞན་གྱི་ཁྱིམ་ནང་དང་ སྨན་ཁང་ནང་འབད་ནི་དེ་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ ཡེ་ཤེས་གསལ་སྒྲོན་གྱིས་ སླབ་ཨིན་པས།
ཨིན་རུང་ སྤྱི་ཟླ་༦ པའི་ཚེས་༡༢ ཀྱི་ཕྱི་རུ་ སྨན་ཁང་ནང་ སྨན་ཁབ་དང་ སྨན་ཚུ་ཟ་བཅུག་ནི་དེ་གིས་ རྣམ་འགྱུར་མ་འདྲཝ་ཚུ་ ག་ནི་ཡང་མ་སྟོན་པར་ ལེགས་ཤོམ་སྦེ་ གཉིད་ལོག་ཡོདཔ་ལས་ སེམས་དགའ་ཡི་ཟེར་ མོ་གིས་ སླབ་ཨིན་པས།
ཌོག་ཊར་ཨྱོན་ཆོས་སྒྲོན་གྱིས་ སླབ་མིའི་ནང་ ཐིམ་ཕུག་ འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ སེམས་ཁམས་མཁས་མཆོག་ཚུ་དང་ གྲོས་བསྟུན་འབད་བའི་ཤུལ་ལས་ སྨན་ཁབ་དང་ སྨན་ཚུ་ བྱིན་དོ་ཟེར་ཨིན་པས།
ནདཔ་དེ་ ལྟ་རྟོག་དང་ ཞིབ་དཔྱད་ཀྱི་དོན་ལུ་ ལུང་ཕྱོགས་སྨན་ཁང་ནང་ བདུན་ཕྲག་༡ གི་རིང་བཞག་པའི་ཤུལ་ལས་ བསྒྱུར་བཅོས་མེད་པ་ཅིན་ ཐིམ་ཕུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ གཏང་ནི་ཨིན་ཟེར་ ཌོག་ཊར་ཨྱོན་ཆོས་སྒྲོན་གྱིས་ བཤདཔ་ཨིན་པས།
ཌོག་ཊར་ཚུ་གིས་ སླབ་མིའི་ནང་ སྨན་ཁབ་དང་ སྨན་ཚུ་གིས་ རྩ་བ་ལས་ དྲག་ཐབས་མེད་རུང་ རྣམ་འགྱུར་འཚུབས་ཅན་དང་ གཞན་ལུ་གནོད་པའི་ལཱ་ཚུ་ མི་འབད་བའི་ཁར་ རྐང་ལག་ཚུ་ཡང་ བསྡམ་མི་དགོ་ཟེར་ཨིན་པས།
ཡེ་ཤེས་གསལ་སྒྲོན་དང་གཅིག་ཁར་ ཆ་རོགས་འབད་དེ་ སྨན་ཁང་ནང་འོང་མི་ རྡོ་རྗེ་ལྷ་མོ་གིས་ སླབ་མིའི་ནང་ གཡུས་ཁའི་མི་ཚུ་ ནདཔ་དེ་ལུ་བལྟ་སྟེ་ ཐ་ན་ ཁྱིམ་ནང་འོང་ནི་ལུ་ཡང་ འཚེར་སྣང་བྱུང་དོ་ཡོདཔ་ད་ དེ་ཡང་ ནདཔ་དེ་གིས་ བཀྲ་མ་ཤིསཔ་འབད་ནི་དེ་གིས་ ཨིན་ཟེར་ཨིན་པས།
ནདཔ་ཚེ་རིང་ལྷ་མོ་དེ་ མོང་སྒར་འབྲིང་རིམ་སློབ་གྲྭ་འོག་མའི་ནང་ དཔེ་ཆ་ལྷབ་སྟེ་ སློབ་རིམ་༨ པའི་ནང་ལྷོདཔ་ད་ ཤུགས་སྦེ་ན་བའི་ཤུལ་ལས་ སེམས་ཁམས་ཀྱི་ནད་གཞི་ལུ་ གྱུར་ཡོདཔ་ཨིན་པས།
ཁོང་མ་སྨད་༣ རྨགཔོ་གིས་ བཀོག་བཞག་སྟེ་ འགྱོ་བའི་ཤུལ་ལས་ བཟའ་ཚང་འཚོ་སྐྱོང་འབད་ནི་དང་ ནདཔ་བདག་འཛིན་འབད་ནི་ལུ་ གནམ་མེད་ས་མེད་ དཀའ་སྡུག་བྱུང་ཡོདཔ་ཨིན་པས།
གཞུང་གིས་ ནདཔ་བཞག་ནིའི་དོན་ལུ་ རྩི་སའི་ཁྱིམ་ཆུང་ཅིག་ རྐྱབ་གནང་པ་ཅིན་ ཕན་ཐོགས་སྦོམ་འབྱུང་ནི་མས་ཟེར་ ཡེ་ཤེས་གསལ་སྒྲོན་གྱིས་ སླབ་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བཀྲིས་ཕུན་ཚོགས།

About admin

Check Also

ཚད་སྙོམས་མེད་པའི་ ནང་འཁོད་ཐོན་སྐྱེད་གནས་གོང་།

༉ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་གནས་སྟངས་དེ་ དུས་ཚོད་ག་ཅི་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ ད་ལས་ཕར་ ག་ཅི་ར་འབད་དགོཔ་ཨིན་ན་དེ་ འབྲེལ་ཡོད་མང་ཤོས་ཅིག་གིས་ ཧ་གོ་དང་ གོ་བཞིན་པ་ཡོད་རུང་ དེ་གི་ གདོང་ལེན་ཚུ་ ག་ཅི་ར་འབྱུང་འོང་ག་ དྲན་ཤེས་བཏོན་དགོཔ་དེ་ཡང་ ཁག་ཆེ་ནི་ཨིན་མས། …

Leave a Reply

Your email address will not be published. Required fields are marked *