སེམ་སྦྱིས་སྤྱི་འོག་གི་ ཟུརཔ་གུང་པ་༡༠ གྱིས་ བརྒལ་ལན་ཕུལ་ཡོདཔ།

༉ ཀྲོང་གསར་ནུབ་སྦིས་རྒེད་འོག་ སེམ་སྦྱིས་སྤྱི་འོག་གི་ ཁྱལཔ་དང་ཟུརཔ་གི་བར་ན་ ནང་ཁྲལ་དང་འབྲེལ་བའི་རྩོད་དོན་ ཀྲོང་གསར་ཁྲིམས་ཀྱི་འདུན་སར་ བཙུགས་ཡོད་མི་དང་བསྟུན་ ཟུརཔ་གུང་པ་༡༠ གྱིས་ བརྒལ་ལན་ཕུལ་ཡི།
བརྒལ་ལན་ནང་ ཆོས་ཕྱོགས་ཀྱི་ལཱ་ཚུ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་དགོངས་དོན་གྱི་ རྩ་ཚན་༧ པ་ གཞི་རྟེན་ཐོབ་དབང་དང་འཁྲིལ་ རང་མོས་རྣམ་དག་དང་ དད་པ་མོས་གུས་ཀྱི་ འདུན་པ་དང་འཁྲིལ་ ཆོས་ཕྱོགས་ཀྱི་ལཱ་འབད་ནིའི་ཐད་ འགྲོ་བ་མིའི་དབང་ཆ་ཡོདཔ་ལས་ ཁྲིམས་ཀྱིས་ རྒུད་སྐྱོབ་མཛད་དགོཔ་སྦེ་ཞུ་ཡི།
ཁྱལཔ་ཚུ་གིས་འབད་བ་ཅིན་ ནང་ཁྲལ་ཟེར་མི་དེ་ གཡུས་ཁ་ལུ་བརྡ་སྐུལ་འབད་ནི་དང་ ལྷ་ཁང་ནང་ དུས་མཆོད་འབུམ་སྡེ་བཟུང་ནི་ཨིནམ་ལས་ དེ་ཚུ་ ཟུརཔ་ཚུ་གིས་འབད་མ་བཏུབ་ལས་ གཞུང་གི་སྲིད་བྱུས་དང་འཁྲིལ་ ཁྲལ་དབྱེ་བ་མེད་པར་ ནང་ཁྲལ་ཚུ་བཀལ་དགོ་ཟེར་ ཞུ་ཡོདཔ་ཨིན།
ཟུརཔ་ཚུ་གི་བརྒལ་ལན་ནང་ ཁྱལཔ་དང་ཟུརཔ་ཟེར་ མིང་གཏགས་སྲོལ་ཡང་ སོ་སོར་ཨིན་ཟེར་ཨིནམ་ད་ དེ་ཡང་ ས་གཞི་དང་ མཆོད་ནོར་ཚུ་ ཁྱལཔ་ཚུ་གི་ལག་པར་ཨིནམ་ལས་ དང་ཕུ་ མི་བརྒྱུད་མང་རབས་ཅིག་གི་རིང་ ཁྱལཔ་ཚུ་ལུ་ཕོག་ཡོདཔ་མ་གཏོགས་ ཟུརཔ་ཚུ་ལུ་ ཕོག་སྲོལ་མེདཔ་ལས་ ཁྲམ་དང་འཁྲིལ་ དབྱེ་ཞིབ་མཛད་དགོཔ་སྦེ་ཞུ་ཡི།
ཁྱལཔ་ཚུ་གིས་འབད་བ་ཅིན་ རྒེད་འོག་ནང་འགྲིགས་ཚོགས་ཆུང་གིས་ ཁྱལཔ་དང་ཟུརཔ་ག་ར་ སྤུངས་འཛོམས་འབད་དེ་ དབྱེ་བ་མེད་པར ནང་ཁྲལ་འབག་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ཨིན་རུང་ ཟུརཔ་གི་ཁ་ཐུག་ལས་ ཐོབ་ཕོག་གི་དབྱེ་བ་ཡོདཔ་སྦེ་ ཞུ་ཡོདཔ་ལས་ གཞུང་ལས་ཐོབ་ལམ་ཚུ་ དབྱེ་བ་མེད་པར་ཐོབ་ཡོདཔ་མ་ཚད་ སྔོན་ལས་ རང་སོའི་ཁྲམ་དང་འཁྲིལ་ བཟའ་སྤྱོད་འབད་ཡོདཔ་མ་གཏོགས་ གཡུས་ཁའི་ནང་ཁྲལ་འབག་ནིའི་དོན་ལུ་ ཁྲམ་སོ་སོར་མེདཔ་ལས་ ཁྲལ་ཟུར་དབྱེ་བ་མེད་པར་ ནང་ཁྲལ་ཚུ་ གཅིག་མཚུངས་སྦེ་ འབག་དགོ་ཟེར་ཞུ་ཡི།
དེ་བཟུམ་སྦེ་ ཁྱལཔ་ཚུ་གིས་འབད་བ་ཅིན་ ཁྱལཔ་ཚུ་ལས་ ཟུརཔ་ཚུ་དྲགཔ་སྦེ་ཡོད་ཟེར་ ཞུ་ཡོད་པའི་ལན་ལུ་ ཟུརཔ་ཚུ་གིས་འབད་བ་ཅིན་ དྲག་ཞན་གྱི་དབྱེ་བ་ཕྱེ་ནི་མེན་པར་ སྔར་ཁྱུན་ལྟར་ རང་སོའི་ཕོག་ལམ་དང་འཁྲིལ་ ཁྱལཔ་ཚུ་གི་ ཕྱག་ཞུ་དགོ་ཟེར་ཨིན་པས།
ད་རུང་ ཟུརཔ་ཚུ་གིས་འབད་བ་ཅིན་ རང་སོའི་ དད་མོས་དང་འཁྲིལ་ཏེ་ འབད་དགོཔ་མ་གཏོགས་ དྲག་ཞན་གྱི་ལོ་རྒྱུས་སླབ་སྟེ་ ཆོས་ཕྱོགས་ཀྱི་བྱ་བ་ཚུ་ བང་ཅན་བཙོངས་ཏེ་ འབད་དགོཔ་ཅིག་ མ་མཐོང་ཟེར་ཞུ་ཡི།
བརྒལ་ལན་ནང་ ཟུརཔ་ཚུ་ལུ་ ཕོག་ལམ་མེད་དེ་འབད་རུང་ གཡུས་སྒོའི་ཆོས་ཕྱོགས་ཀྱི་ལཱ་ཨིནམ་བཞིན་དུ་ མོས་གུས་དང་བསྟུན་ འབད་བཞིན་ཡོད་རུང་ ཁྱལཔ་ཚུ་གིས་ རྒེད་འོག་བརྒྱུད་དེ་ ཁྲིམས་ཀྱི་འདུན་ས་ཚུན་ རྩོད་ཉོགས་བཙུགས་ཏེ་ ཉོགས་བཤད་བཀོདཔ་མས་ཟེར་ཞུ་ཡི།
ས་ཕྱོགས་ག་ཏེ་ཨིན་རུང་ ཆོས་ཕྱོགས་ཀྱི་ལཱ་ཚུ་ རང་སོའི་དད་མོས་དང་ འབྱོར་པ་བསྟུན་ རང་སོའི་ ཚོགས་བསགས་སྒྲིབ་སྦྱང་གི་དོན་ལུ་ འབད་དོ་ཡོདཔ་མ་གཏོགས་ འཇིགས་སྐུལ་ཉོགས་བཤད་བཀོད་དེ་ ཆོས་ཕྱོགས་ཀྱི་བྱ་རིམ་འབད་བཅུག་མི་ ག་ཏེ་ཡང་མེདཔ་མ་ཚད་ ཁྲིམས་ཡང་མིན་འདུག་ཟེར་ ཞུ་ཡི།
ཁྱལཔ་ཚུ་གིས་ སྔར་ཁྱུན་ལྟར་ ཕོག་ལམ་ཚུ་འབད་མ་ཚུགས་པ་ཅིན་ ཟུརཔ་ཚུ་ལུ་ ཉོགས་བཤད་མ་བཀོད་པར་ ས་ཕྱོགས་གཞན་ཁར་བཟུམ་སྦེ་ ལྷ་ཁང་ལུ་བརྟེན་པའི་ དུས་མཆོད་ཚུ་ གལ་གནད་ཆེ་ཧིང་དང་འཁྲིལ་ མ་རྩ་བཟོ་ཐབས་ཀྱི་ཐབས་ལམ་སྒྲིག་སྟེ་ གུང་པ་སྐོར་རྒྱབ་ཐོག་ འབད་སྲོལ་ཡོདཔ་མ་གཏོགས་ བང་བཙོང་སྟེ་འབད་སར་ མ་མཐོང་ཟེར་ཨིན་པས།
ཟུརཔ་ཚུ་གིས་འབད་བ་ཅིན་ ལས་ཚན་སྐོར་རྒྱབ་འབད་ནི་དང་ འཆར་གཞིའི་ལས་སྣ་ སོ་ནམ་ཞིང་ལམ་ གློག་མེ་ འཐུང་ཆུ་ལ་སོགས་པ་ཚུ་ ཕྱག་ཞུ་བཞིན་དུ་ཡོད་པའི་ཁར་ ད་ལས་ཕར་འབད་རུང་ ཕྱག་ཞུ་ནི་ཟེར་ཞུ་ཡི།
རྩོད་དོན་དེའི་ བརྒལ་ལན་སྙན་གསན་མཇུག་བསྡུ་ཡོདཔ་བཞིན་དུ་ སྒྲུབ་བྱེད་སྙན་གསན་ འགོ་འདྲེན་འཐབ་ནི་ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

 

About admin

Check Also

མོང་སྒར་ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ཕོ་སྐྱེས་༡ འཛིན་བཟུང་།

༉ མོང་སྒར་ཁྲིམས་སྲུང་འགག་པ་གིས་ སྤྱི་ཟླ་༩ པའི་ཚེས་༡༣ ལུ་ ལོ་ན་མ་སྨིན་པའི་ ན་ཆུང་བུམོ་༡ ལུ་ དབང་བཙོང་འདོད་སྤྱོད་འབད་བའི་ དོགས་པ་ཡོད་མི་ལུ་བརྟེན་ སྐྱེས་ལོ་༢༥ ལང་མི་ ཕོ་སྐྱེས་༡ འཛིན་བཟུང་འབད་དེ་ དོ་དམ་འོག་ལུ་ …

Leave a Reply

Your email address will not be published. Required fields are marked *