ལོ་ངོ་༡༠ དེ་ཅིག་ལས་ བཟོ་སྐྲུན་འབད་ནི་ འགོ་བཙུགས་མི་ སེངྒེ་ཆུ་ཟམ་གྱི་ ས་ཁོངས་ནང་ ལས་མི་ཕུད་རྡོག་གཅིག་ཡང་མེད་པའི་མཐོང་སྣང་།

སེངྒེ་ཆུ་ཟམ་བཟོ་སྐྲུན་གྱི་ གྲུབ་འབྲས་ཐོན་ནི་མེད་མི་ལུ་ མི་སེར་ཚུ་ལས་དྲི་བཀོད།

༉ དཔག་བསམ་ཁའི་ས་གནས་ བསམ་འཕེལ་གླིང་ལུ་ སེངྒེ་ཆུ་གུ་ལས་ མི་ཊར་༥༥ འབད་མི་ ཟམ་རྐྱབ་ནི་ འགོ་བཙུགས་ཏེ་ ལོ་༡༠ ལང་རུང་ ད་ལྟོའི་བར་ན་ཡང་ མཇུག་མ་བསྡུ་བར་འདུག།
རང་གེ་ཏུང་གཡུས་མི་ཚུ་གིས་འབད་བ་ཅིན་ ཟམ་བཟོ་སྐྲུན་གྱི་ ལཱ་མཇུག་སྟེ་ ལག་ལེན་འཐབ་ནི་གི་ དུས་ཚོད་ན་འཐན་རན་ཆི་ཡི་ཟེར་ཨིན་པས།
ཟམ་རྐྱབ་ནི་དེ་ཡང་ ཌཱན་ཊཱག་ལས་འགུལ་གྱིས་ རྒྱ་གར་གཞུང་གི་ མ་དངུལ་གྲོགས་རམ་ དངུལ་ཀྲམ་ས་ཡ་༣༩.༤༡ གི་ཐོག་ལུ་ སྤྱི་ལོ་༢༠༠༧ ལས་ འགོ་བཙུགས་ཡོདཔ་ཨིན་པས།
ཟམ་རྐྱབ་ཚརཝ་ད་ དཔག་བསམ་ཁ་དང་ མཐུད་སྦྲེལ་འབད་ནི་ཨིནམ་ལས་ ཐིམ་ཕུག་དང་ ཕུན་ཚོགས་གླིང་གི་ གཞུང་ལམ་བསུབ་པའི་སྐབས་ ལམ་དེ་ཁ་ལས་ རྒྱུན་འགྲུལ་འཐབ་ཚུགས་ནི་ཨིན་པས།
སྤྱི་ལོ་༢༠༡༥ ཟླ་༧ པའི་ནང་ ཟམ་རྐྱབ་ནི་ མཚམས་འཇོག་འབད་དེ་ ལོ་༢ ལང་ཡོད་པའི་སྐོར་ལས་ ཀུན་གསལ་གྱིས་ གནས་ཚུལ་བྲིས་བའི་ཤུལ་ལས་ སྤྱི་ཟླ་༡༠ པའི་ནང་ ལས་འགུལ་དེ་གིས་ ལཱ་དེ་ ལོག་འགོ་བཙུགས་ཡོདཔ་བཞིན་དུ་ ད་རེས་ནངས་པར་ ཟམ་གྱི་ལཱ་མང་ཤོས་ར་ མཇུག་བསྡུ་སྟེ་ཡོད་རུང་ རང་གེ་ཏུང་གི་ མི་སེར་ཚུ་གིས་ སླབ་མིའི་ནང་ འདས་པའི་ཟླཝ་༢ ནང་ ཟམ་རྐྱབ་སའི་ ས་ཁོངས་ནང་ ལཱ་འབད་མི་ ཕུད་རྡོག་གཅིག་ཡང་ མ་མཐོང་ཟེར་ཨིན་པས།
རང་གེ་ཏུང་གཡུས་ཚན་དེ་ ཐིམ་ཕུག་ ཡང་ཅིན་ མ་ནི་ཊར་ཁ་ཐུག་ལུ་ གཞུང་ལམ་གཞན་ཅིག་ སེལ་ཡོད་པའི་ དཔག་བསམ་ཁ་ལས་ ཀི་ལོ་མི་ཊར་༩ གི་ས་ཁར་ཡོདཔ་ཨིན་པས།
སྐྱེས་ལོ་༦༠ ལང་མི་ མཱན་བིར་རའི་དེ་ ཟམ་རྐྱབ་ནི་ འགོ་བཙུགས་པའི་ ཚེས་གྲངས་ཡང་ དཔྱད་རིག་བཏང་མ་ཚུགསཔ་ ཐལ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ བཟོ་སྐྲུན་གྱི་ལཱ་དེ་ ཡུན་འགྱངས་ཡར་སོཔ་ལས་ སེངྒེ་ཟམ་གུ་ལས་ སྣུམ་འཁོར་ཚུ་ ནམ་རྒྱུན་འགྲུལ་འཐབ་ཚུགས་འོང་ག་ སླབ་མི་ཤེས་པས་ཟེར་ཨིན་པས།
ཨིན་རུང་ དཔག་བསམ་ཁའི་ གཞུང་ལམ་གཞན་དང་ འབྲེལ་མཐུད་འབད་མི་ གཙང་ཆུ་གུ་ལས་ ལྕགས་ཟམ་རྐྱབ་སྟེ་ཡོད་རུང་ ཟམ་དེ་གིས་ ལྗིད་ཚད་མེ་ཊིག་ཊཱོན་༢༤ ལས་འགལ་ ཐེག་མི་ཚུགས་དོ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ སྐམ་སྦྱིས་ལུ་ ས་རུད་ཆད་དེ་ ཕུན་ཚོགས་གླིང་དང་ ཐིམ་ཕུག་གི་ གཞུང་ལམ་ཆད་སོཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འགྲུལ་འཐབ་མ་ཚུགས་པའི་སྐབས་ དཔག་བསམ་ཁའི་ གཞུང་ལམ་དེ་ ལག་ལེན་འཐབ་ཡོད་རུང་ སྣུམ་འཁོར་ལྗིད་ཚད་ མེ་ཊིག་ཊཱོག་༢༤ ལས་ལྷག་སྟེ་ འབག་མི་ཚུ་ ལྕགས་ཟམ་དེ་གུ་ལས་ རྒྱུན་འགྲུལ་འཐབ་མ་བཅུག་པས།
དེ་མ་ཚད་ མང་སྡེ་ཆུ་གློག་མེ་ལས་འགུལ་གྱི་ མཁོ་ཆས་སྦོམ་ཚུ་ཡང་ སྐྱེལ་འདྲེན་འབད་མ་ཚུགས་པར་ ཐོགས་ལུས་ཡོདཔ་ལས་ སྐམ་སྦྱིས་ལས་ ལམ་ཐལ་བའི་སྐབས་རྐྱངམ་གཅིག་ བསྐྱལ་ཚུགས་ཡོདཔ་ཨིན་པས།
གཡུས་མི་གཞན་ ཀ་ལུ་མཱན་ རའི་གིས་ སླབ་མིའི་ནང་ ད་ལྟོ་ལག་ལེན་འཐབ་མི་ ལྕགས་ཟམ་དེ་ ཡུན་རིངམོ་སྦེ་ གནས་མི་ཚུགས་ནི་ཨིནམ་ལས་ ཟམ་གསརཔ་ཅིག་ ངེས་པར་དུ་ དགོཔ་ཡོད་ཟེར་ཨིན་པས།
ཟམ་རྐྱབ་པའི་སྐབས་ རང་གེ་ཏུང་གཡུས་ཚན་ནང་ འགོ་དང་པ་ལྷོད་མི་ ཊེག་བྷ་དུར་ གུ་རུང་གིས་ ཟམ་རྐྱབ་ད་ ཡུན་འགྱུངས་ལུས་མི་དེ་གིས་ མི་སེར་དང་ གཞུང་གཉིས་ར་ལུ་ གྱོང་རྒུད་ཕོགཔ་ཨིན་ཟེར་ བཤད་པའི་ཁར་ གཞུང་ལམ་གཉིས་པ་ ཁག་ཆེ་དོ་བཟུམ་ སེངྒེ་ཟམ་དེ་ཡང་ མེད་ཐབས་མེདཔ་ཅིག་ཨིནམ་ལས་ ལཱ་དེ་ཚ་ངེར་བཏོན་ཏེ་ མཇུག་བསྡུ་དགོཔ་དེ་ ག་ནི་བ་ གལ་ཆེ་ཟེར་ བཤདཔ་ཨིན་པས།
ཟམ་རྐྱབ་ཚར་བའི་བསྒང་ལས་ གཞུང་ལམ་བདའ་སྟེ་སྡོད་མི་ རང་གེ་ཏུང་དང་ དུང་ག་ན་ བསམ་འཕེལ་གླིང་གི་ དཔག་ཅི་ནང་ གཡུས་ཚན་གསུམ་གྱི་ མི་སེར་༣༠༠ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཨོ་རྒྱན་རྡོ་རྗེ།

About admin

Check Also

བཀའ་རྒྱ་ཁྱོམ་གྱིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཆ་རོགས་འབད་ནི།

༉ ཐིམ་ཕུག་ བཀའ་རྒྱ་ཁྱོམ་ནང་ཡོད་པའི་ རང་བཞིན་སླར་འབྱུང་ཐོན་ཁུངས་ཀྱི་ རང་བཞིན་སོ་ནམ་དང་སྒོ་ནོར་ཐོན་སྐྱེད་བཙོང་ཁང་གིས་ དར་དཀར་ནང་གི་ སོ་ནམ་པ་ཚུ་ལུ་ ཚོང་འབྲེལ་གདོང་ལེན་བྱུང་མི་དེ་ སེལ་ཐབས་འབད་ནིའི་དོན་ལུ་ ཆ་རོགས་འབད་དོ་ཡོདཔ་ཨིན་པས། དེ་ཡང་ དར་དཀར་དཔལ་ལུ་ གཞི་བཙུགས་འབད་དེ་ཡོད་པའི་ དར་དཀར་སོ་ནམ་ཐོན་སྐྱེད་སྡེ་ཚན་གྱི་ རྒྱ་སྐྱེད་བཙོང་ཁང་བཟུམ་ཅིག་ཨིནམ་ད་ …

Leave a Reply

Your email address will not be published. Required fields are marked *